ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་གློག་བརྙན་ལས་རིམ་དེ་འཕྲལ་དུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་དོན་གྲུབ་དབང་ཆེན་གཉིས་ཀྱིས་ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། མ་འོངས་པར་བོད་མི་ངོ་མའི་སྐད་སྒྲ་དང་བོད་པའི་གློག་བརྙན་ཁག་གདན་འདྲེན་ཞུས་ནས་སྟོན་རྒྱུའི་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་རྒྱལ་སྤྱིའི་རི་བོའི་གློག་བརྙན་དུས་སྟོན་༼KIMFF༽ ཞེས་པ་ཞིག་ཟླ་འདིའི་ཚེས་༢༨ ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་༦ ཚེས་༡ བར་འཚོག་རྒྱུ་ཡིན་འདུག དུས་སྟོན་དེའི་ཐོག་ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་ནང་། གསའ་དང་གྲོགས་པོ་ཚོ།༼Snow Leopards and friends༽ ་ཞེས་དང་། གཞོན་ཤ་དོད་པའི་བོད་ལྗོངས།༼Youthful Xizang༽ བོད་ལྗོངས་ནང་གི་ཉིན་མཚན།༼Days and Nights in Xizang༽ ཟེར་བ་སོགས་རྒྱ་ནག་གིས་བོད་ཐོག་སྤེལ་བཞིན་པའི་འཁྱོག་བཤད་དང་འབྲེལ་བའི་གློག་བརྙན་དྲུག་མང་ཚོགས་ལ་གཟིགས་འབུལ་ཞུ་འཆར་ཡོད་པར་བརྟེན། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་། དོན་གྲུབ་དབང་ཆེན་གཉིས་ཀྱིས་ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། མ་འོངས་པར་བོད་མི་ངོ་མའི་སྐད་སྒྲ་དང་བོད་པའི་གློག་བརྙན་ཁག་གདན་འདྲེན་ཞུས་ནས་སྟོན་རྒྱུའི་ཁས་ལེན་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་། ཕ་ཡུལ་གྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཁོང་རྣམ་གཉིས་ཀྱིས་༼ཤི་ཙང་ཞེས་པ་ནི་ང་ཚོའི་ཕ་ཡུལ་གྱི་མིང་མིན། དེ་ནི་རྒྱ་གཞུང་གིས་ང་ཚོའི་ངོ་བོ་རྩ་མེད་བཟོ་ཆེད། བེད་སྤྱོད་བྱེད་པའི་མིང་ཞིག་རེད། དེ་ནི་ཕྱོགས་ལྷུང་བྲལ་བ་ཞིག་མིན་ལ། གུས་བརྩི་དང་ལྡན་པ་ཞིག་ཀྱང་མིན། དེ་ནི་ལོ་རྒྱུས་བསྐྱར་འབྲི་བྱེད་པ་དང་། བོད་མི་རྣམས་ཀྱིས་གཅེས་འཛིན་བྱེད་པའི་རིན་ཐང་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་གི་ཆ་ཤས་ཤིག་རེད་༽ ཅེས་དང་།
དེ་བཞིན། ལས་རིམ་ནང་སྟོན་རྒྱུའི་གློག་བརྙན་དེ་དག་ནི་གནོད་སྐྱོན་མེད་པའི་གཏམ་རྒྱུད་ཙམ་མིན་པར། དེ་ནི་དྲིལ་བསྒྲགས་དང་། དེ་དག་གིས་འཛམ་གླིང་ལ་རྒྱ་ནག་གི་དབང་སྒྱུར་འོག བོད་ནི་རང་དབང་དང་བདེ་སྐྱིད་ལྡན་ཚུལ་རྗོད་ཀྱི་ཡོད་ན་ཡང་། དོན་དངོས་སུ། བོད་མི་རྣམས་རྒྱུན་དུ་ལྟ་སྲུང་ནན་མོའི་འོག་ཚུད་ཡོད་པ་དང་། བོད་ཀྱི་སྐད་ཡིག་རྩ་མེད་བཏང་དང་གཏོང་བཞིན་པ། བོད་ཕྲུག་རྣམས་ནང་མི་དང་ཁ་བྲལ་བཏང་སྟེ་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་ཡོད་པ་སོགས་བརྗོད་ནས། ཤི་ཙང་ཕེན་ནོ་རཱ་མ་ཞེས་པའི་ལས་རིམ་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ་དང་། མ་འོངས་པར་བོད་མི་ངོ་མའི་སྐད་སྒྲ་དང་བོད་པའི་གློག་བརྙན་ཁག་གདན་འདྲེན་ཞུས་ནས་སྟོན་རྒྱུའི་ཁས་ལེན་གནང་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།