ཤིན་ཧྭ་གསར་ཁང་དང་ཨེ་པཱི་གསར་ཁང་གི་འབྲེལ་ལམ་ལ་དོགས་སློང་བྱས་འདུག
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཡོད་པའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་རུ་ཁག་གཅིག་གིས། རྒྱ་ནག་གཞུང་འབྲེལ་གསར་ཁང་ཤིན་ཧྭ་དང་། ཨ་རིའི་གསར་ཁང་ཆེ་གྲས་ཨེ་པཱི་གཉིས་བར་གྱི་འབྲེལ་ལམ་དེར་དོགས་འདྲི་བསླངས་ཏེ། འབྲེལ་ལམ་དེ་ལ་བརྟེན་ནས་ཨ་རིའི་ནང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཆེ་རུ་འགྲོ་ཉེན་ཡོད་པའི་སེམས་འཚབ་བྱེད་བཞིན་འདུག
ཟླ་༡༢ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་གསར་ཁང་ཆེ་གྲས་ཨེ་པཱི་(Associated Press) དང་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་གཉིས་བར། གན་རྒྱ་བཞག་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་རྐྱེན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཡོད་པའི་སྲིད་དོན་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་༡༤ ཡོད་པའི་རུ་ཁག་གཅིག་གིས། ཨེ་པཱི་གསར་ཁང་གི་ཚོགས་གཙོ་དང་སྤྱི་ཁྱབ་པ་གྷེ་རི་པུ་རུཌ་ལ་ཡི་གེ་ཞིག་བཏང་ནས། གསར་ཁང་དེ་གཉིས་ལ་འབྲེལ་ལམ་དང་འབྲེལ་ནས་དོགས་འདྲི་ཁག་ཅིག་དང་། སེམས་འཚབ་ཡོད་པའི་གནད་དོན་ཁག་ཅིག་སྐོར་གླེང་སློང་བྱས་ཡོད་འདུག
དེ་ཡང་ཡི་གེ་དེའི་ནང་ཤིན་ཧྭ་གསར་ཁང་གི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་མི་མང་ནང་། རྒྱ་ནག་གཞུང་གི་བྱེད་ལས་ལ་ལྟ་ཚུལ་འགྱུར་བ་གཏོང་རྒྱུ་དང་ཡག་ཏུ་གཏོང་རྒྱུ་དེ་ཡིན་ཁར། ཨི་པཱི་གསར་ཁང་ནི་རང་དབང་ཅན་གྱི་གསར་ཁང་ཞིག་ཡིན་པས། ལྟ་ཚུལ་དང་ལས་དོན་མི་འདྲ་བའི་གསར་ཁང་གཉིས་བར་མཉམ་ལས་བྱེད་སྐབས། རང་བཞིན་གྱིས་དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད་པ་དང་། མཉམ་ལས་དེ་རིགས་ཀྱིས་ཨ་རིའི་ནང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་ལ། རྒྱ་ནག་གི་དྲིལ་བསྒྲགས་ལས་འགུལ་སྤེལ་བའི་གོ་སྐབས་ཐོབ་ནས། རྒྱལ་ནང་དུ་རྒྱ་ནག་ལ་ཁ་གཏད་ཀྱི་གནས་ཚུལ་ཁག་ལ་འགྲེལ་ལོག་ཡོང་རྒྱུའི་ཉེན་ཁ་ཡོད་པ། དེ་བཞིན་འབྲེལ་ལམ་དེ་ལ་བརྟེན་ནས་ཨི་པཱི་གསར་ཁང་གིས་རྒྱ་ནག་ཐོག་གནས་ཚུལ་སྤེལ་ཕྱོགས་ལ་ཤུགས་རྐྱེན་འགྲོ་ཉེན་ཡོད་པའི་སེམས་འཚབ་ཡོད་སྐོར་འཁོད་ཡོད་འདུག
དེ་བཞིན་ཕྱོགས་གཉིས་བར་བཞག་པའི་གན་རྒྱའི་ནང་ཡིག་ཆ་དེ་མཁོ་སྤྲོད་ཡོང་དགོས་པ་དང་། ཤིན་ཧྭ་གསར་ཁང་གིས་ཨེ་པཱི་གསར་ཁང་གི་རྩོམ་སྒྲིག་ལས་དོན་དང་གསང་བའི་གནས་ཚུལ་ཁག་ལ་ཐེ་བྱུས་ཡོད་མེད། དེའི་ཐོག་གལ་ཏེ་ཤིན་ཧྭ་གསར་ཁང་དང་ཚོགས་སྡེ་གཞན་ཁག་གིས། ཨེ་པཱི་གསར་ཁང་གི་ལས་དོན་ལ་ཤུགས་རྐྱེན་སྤྲད་ཚེ། ཕར་རྒོལ་བྱེད་པའི་གསར་ཁང་གི་སྒྲིག་འཛུགས་སམ་ཐབས་ལམ་ཡོད་མེད་ཀྱི་དྲི་བ་དྲིས་ཡོད་འདུག
ཡི་གེ་དེ་ལ་བརྟེན་ནས་ཨེ་པཱི་གསར་ཁང་གི་མགྲིན་ཚབ་པས། ཤིན་ཧྭ་གསར་ཁང་དང་དེ་མིན་གྱི་ཚོགས་སྡེ་སུ་གང་གིས། ཨེ་པཱི་གསར་ཁང་གི་གསར་འགོད་ལས་དོན་ལ་ཤུགས་རྐྱེན་མེད་ཁར། གསར་ཁང་དེའི་གསང་བའི་གནས་ཚུལ་ལ་ཡང་ཐེ་བྱུས་མེད་པ། དེ་བཞིན་ཕྱོགས་གཉིས་བར་གྱི་གན་རྒྱ་དེ་ནི་ཕྱི་ལོ་༡༩༧༢ ལོར་བཞག་པའི་གན་རྒྱ་དེར་ཆ་རྐྱེན་ཁག་ཅིག་གསར་སྣོན་བྱས་པ་ཞིག་ཡིན་པ་དང་། དེའི་དགོས་པ་ནི་ཨེ་པཱི་གསར་ཁང་རྒྱ་ནག་ནང་གསར་འགོད་ལས་རིགས་ལ་འཇུག་ཐུབ་ཆེད་ཡིན་སྐོར་བརྗོད་འདུག་ལ། གསར་ཁང་དེ་གཉིས་བར་ཉིན་རེར་པར་དང་གསར་འགྱུར་གྱི་ཡི་གེ་བརྗེ་ལེན་བྱེད་ཀྱི་ཡོད་འདུག
ཉེ་བའི་ཆར་ཨ་རིའི་ཁྲིམས་ཞིབ་ལས་ཁང་གིས་ཨ་རིའི་ནང་གི་ཤིན་ཧྭ་གསར་ཁང་ཡན་ལག་དེ། རྒྱ་ནག་གི་གསང་བའི་ལས་དོན་ལ་འཇུག་མཁན་གྱི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་དེབ་སྐྱེལ་བྱེད་དགོས་པའི་བཀའ་བཏང་ཡོད་ཁར། ཕྱི་ལོ་༢༠༡༨ ལོའི་ཟླ་༣ པའི་ནང་ཐོན་པའི་སྙན་ཐོ་ཞིག་ནང་ཤིན་ཧྭ་གསར་ཁང་དེ་ནི་ཨ་རིའི་ནང་རྒྱ་ནག་གི་ཤུགས་རྐྱེན་སྤེལ་བའི་ལས་འགན་སྒྲུབ་མཁན་གྱི་ཡིན་པ་བཀོད་ཡོད་འདུག་པས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་གསར་ཁང་དེས་རྒྱ་ནག་གཞུང་གི་བྱེད་ལས་རྣམས་འགྲིག་པ་ཡིན་པའི་གནས་ཚུལ་སྤེལ་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་མི་མང་གི་བསམ་ཚུལ་ལ་ཤུགས་རྐྱེན་སྤྲོད་པའི་ནུས་པ་ཡོད་པས། དེས་ཨ་རིའི་འཇམ་པོའི་ནུས་པ་དང་ཕྱི་འབྲེལ་སྲིད་ཇུས་ཐོག་གི་ལྟ་ཚུལ་ལ་གནོད་སྐྱོན་གཏོང་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
ཨེ་པཱི་གསར་ཁང་ནི་ཁེ་ལས་མིན་པའི་གསར་འགོད་མཐུན་ཚོགས་ཁང་ཞིག་ཡིན་ཁར། དེའི་ཚོགས་མིར་ཨ་རིའི་གསར་ཤོག་དང་བརྙན་འཕྲིན་བརྒྱུད་ལམ་རྣམས་ཡོད་འདུག་པ་དང་། གསར་ཁང་དེས་འཛམ་གླིང་ནང་གི་གསར་ཁང་༡༥༠༠༠ ལས་མང་བར་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད་འདུག གསར་ཁང་དེས་དེ་སྔོན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་(CCTV) དང་མཉམ་ལས་བྱེད་རྒྱུ་འགོ་བཙུགས་ཟིན་ཡོད་འདུག
ཤིན་ཧྭ་གསར་ཁང་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་ཁང་གི་འཛིན་སྐྱོང་འོག་ཡོད་ཁར། རྒྱ་ནག་ནང་གི་གསར་ཁང་རྣམས་ལ་རྒྱལ་སྤྱིའི་གནས་ཚུལ་གསར་ཁང་དེས་མཁོ་སྤྲོད་བྱེད་ཀྱི་ཡོད་ཁར། རྒྱ་ནག་རིག་པ་བ་ཞིག་གིས་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་རྣམས། གསར་འགོད་ལས་རིགས་དང་མཉམ་དུ་རྒྱ་ནག་གི་གསང་བའི་ལས་དོན་ལ་ཞུགས་ནས། དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་རྣམས་ལ་རྒྱལ་སྤྱིའི་གནས་ཚུལ་དང་འབྲེལ་བའི་གསང་བའི་སྙན་ཐོ་བཟོས་ནས་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་འགྲོ་སོང་ཕོན་ཆེན་བཏང་ནས། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་ལྟ་ཕྱོགས་བཟང་པོའི་ཕྱོགས་སུ་འགྱུར་ཐབས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།