ཤེས་ཡོན་ལས་འཕྲོས་པའི་བདེན་གཏམ་ཟུར་གསུམ་མ།  

ཆབ་མདོ་ངག་དབང་ཕུན་ཚོགས།
དེ་རིང་གླེང་སྙིང་འདོད་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ལེགས་ཆེའི་ཟུར་སྣེའི་སྐོར་ཡིན་ཞིང་། དེ་ཡང་ང་ཚོ་རང་དབང་བྲལ་ཏེ་མི་ཡུལ་ལ་བཙན་བྱོལ་འབྱོར་མ་ཐག་ནས་བཟུང་སྟེ། འབྲེལ་ཡོད་རྣམ་པས་ཤེས་ཡོན་གལ་ཆེ་བཟུང་ནས་མདུན་བསྐྱོད་གནང་བར་བརྟེན་བཟང་ཕྱོགས་ནས་གྲུབ་འབྲས་རླབས་ཆེན་ཐོན་ཡོད། ད་ནི་བཟང་ཕྱོགས་ཀྱི་གྲུབ་འབྲས་དེ་གླེང་མི་དགོས་པར་གཞི་རྩར་བཟུང་སྟེ་ཕྱོགས་གཞན་དེ་གླེང་རྒྱུ་གཙོ་འདོན་བྱེད་དགོས་སྙམ། ང་ཚོའི་བོད་ཕྲུག་ལོ་རེར་སློབ་ཐོན་པ་ཇེ་མང་ཡོང་གི་ཡོད་པ་དེ་དག་དགའ་འོས་པ་ཞིག་ཀྱང་རེད་སྙམ། འོན་ཀྱང་སློབ་ཐོན་པ་དེ་དག་གི་ལག་ཁྱེར་དང་ཤེས་ཚད་དོ་མི་མཉམ་པ་དང་། ལག་ཁྱེར་ལ་དཔག་པའི་ཤེས་ཚད་དང་། དུས་རྒྱུན་བསམ་བློ་འཁྱེར་ཕྱོགས་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད་པས་སྤྱི་ཚོགས་ནང་སེམས་ཚོར་མི་བདེ་བ་སྐྱེ་ཡོང་གི་ཡོད། དེ་འདྲའི་བསམ་བློ་མི་བདེ་བ་སྐྱེ་དགོས་སའི་གནད་དོན་གང་ཞིག་ལ་ཐུག་འདུག ཁོར་ཡུག་དང་། དགེ་རྒན། འཛིན་སྐྱོང་། ཕ་མ་བཅས་ལ་ཐུག་ཡོད་པ་ནི་བཤད་མ་དགོས། ལྷག་དོན་དེང་སྐབས་ཕ་མ་འགས་ཕྲུ་གུ་ལ་སློབ་སྦྱོང་བྱས་མ་གཏོགས་རྗེས་མ་ལས་ཀ་རག་གི་མ་རེད། མི་གཞན་གྱི་མཐོང་ཆུང་བྱེད་ཀྱི་རེད་ཅེས་པ་ལས་སོ་སོའི་མི་རིགས་ཀྱི་ལས་དོན་བྱེད་དགོས་པའི་བསླབ་བྱ་རྒྱག་མཁན་ཧ་ཅང་ཉུང་ཉུང་གྱུར་ཡོད།

ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་ཕ་མས་སོ་སོའི་ཕྲུ་གུར་སློབ་སྦྱོང་ཡག་པོ་བྱེད་ནས་བོད་མི་རིགས་ལ་ཞབས་འདེབས་བསྒྲུབ་ཐུབ་པ་བྱེད་དགོས་ཚུལ་སོགས་ཀྱིས་བསླབ་བྱ་ནན་ཏན་གནང་གི་ཡོད། དེང་ནི་དེ་འདྲའི་བསླབ་བྱ་གནང་མཁན་ཉིན་མོ་སྐར་མ་ལྟར་གྱུར་ཟིན། གང་ལྟར་ནའང་ང་ཚོའི་སློབ་ཐོན་པ་ལག་ཁྱེར་དང་ཤེས་ཚད་དོ་མཉམ་པ་ཡོང་བར་འབད་བརྩོན་གནང་དགོས་པ་དེ་རེད།

དེ་བཞིན་དེང་སྐབས་དགེ་རྒན་འགས་དུས་ཚོད་འཁྱོལ་ཐབས་ཙམ་ལས་བོད་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་དགོས་སྙམ་པའི་བསམ་བློ་གཏོང་མཁན་དཀོན་ཙམ་སྣང་། དགེ་རྒན་ཤེས་ཡོན་དང་སེམས་ཤུགས་ལྡན་པ་རྣམས་རིམ་གྱིས་ཐོན་འགྲོ་ཡི་ཡོད། སློབ་གྲྭ་འགའ་ཤས་ནང་དགེ་རྒན་མགྲོན་པོ་ནང་བཞིན་ཟླ་ཤས་དང་ལོ་ཤས་བསྡད་དེ་ཐོན་འགྲོ་ཡི་ཡོད། དེ་དག་གནད་འགག་གང་ལ་ཐུག་འདུག་ཞིབ་འཇུག་བྱེད་དགོས་པ་ཞིག་ལས་དཀའ་ངལ་དེ་དག་ནི་རྒྱུན་ལྡན་ཞིག་རེད་སེལ་ཐུབ་ཀྱི་མ་རེད་སྙམ་པའི་བསམ་བློ་གཏོང་མི་ཉན་སྙམ། ང་ཚོའི་འཐབ་རྩོད་ནི་མི་རིགས་གཅིག་གི་འཐབ་རྩོད་ཡིན་དུས་མ་འོངས་པའི་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་ལས་དོན་བྱེད་དགོས་པ་ཞིག་ལས་གནས་སྐབས་དཀའ་ངལ་སེལ་ཐུབ་ཙམ་ལ་དགོངས་པ་བཞེས་མི་ཉན་པ་དེ་རེད། དགེ་རྒན་ཡང་ཉིན་རེ་འཚོ་བ་བསྐྱལ་དགོས་དུས་མཐུན་འགྱུར་བསྐྲུན་དགོས་པ་ཞིག་ལས་སྒྲིག་གཞི་དང་ཞལ་ནས་དགེ་རྒན་ལ་མཐོང་དང་རིན་ཐང་སྤྲད་དགོས་འཁོད་པ་ཙམ་མ་ཡིན་པར། དངོས་ཡོད་གནས་སྟངས་ལ་གཞིགས་པའི་ལས་དོན་གནང་དགོས་ཀྱི་འདུག་ལ། སློབ་གྲྭ་འགའ་ཤས་ཀྱི་དགེན་རྣམ་པའི་གསོལ་ཕོགས་ལས་ཚོགས་སྡེ་གཞན་གྱི་ལས་བྱེད་དཀྱུས་མའི་གསོལ་ཕོགས་མཐོ་བ་འདུག

དེར་བརྟེན་དགེ་རྒན་གཏན་འཇག་གནས་པར་འཚོ་བའི་ཐོག་ནས་གང་ལྟར་དཀའ་ངལ་འཕྲད་ཀྱི་ཡོད། དེ་བཞིན་ཁོ་བོ་ངོ་ཤེས་དགེན་ཁོང་བོད་ནས་འབྱོར་བ་དང་སློབ་གྲྭར་ཕྱིན། དེ་ནས་རང་གཞུང་ལ་བོད་དགེ་དཀའ་ངལ་ཡོད་དུས་དགེ་རྒན་གྱི་ཕྱག་ལས་གནང་ནས་གཞུང་གིས་གཏན་ཉིན་སློབ་གྲྭ་ག་བར་གནས་སྤོས་བཏང་བ་ཡིན་ནའང་འགྲོ་རྐྱང་བྱེད་མཁན་ཞིག་ཡིན། མི་ཚེ་ཕྱེད་ཀའི་རིང་ལ་དགེ་རྒན་གྱི་ལས་དོན་གནང་མྱོང་མཁན་ཡིན་ཞིང་། ད་ནི་གཟུགས་པོ་གནས་བབ་དང་བསྟུན་ནས་རྒན་ཡོལ་ལ་འགྲོ་རིན་ཡོད་པ་འདྲ་ཞིང་། རྒན་ཡོལ་འགྲོ་དུས་རྒན་ཕོགས་ཕྲན་བུ་ལས་གཞན་གང་ཡང་མི་འདུག དེ་དག་མཐོང་དུས་བསམ་བློ་ནང་ལ་ལོ་ཆུང་དར་མའི་སྐབས་སུ་སོ་སོའི་ནུས་ཤུགས་ལ་དཔག་པའི་ལྷག་བསམ་རྣམ་དག་གི་ཤེས་ཡོན་གྱི་ཐོག་ལ་ཞབས་འདེབས་ཞུས། ད་ཆ་རྒན་ཁོགས་ཆགས་ནས་ཐ་ན་མགོ་བཞག་སའི་ཁང་པ་ཙམ་ཡང་མེད་པ་གྱུར་པའི་གནས་སྟངས་དེ་དག་མཐོང་དུས་སེམས་ནང་ཨ་ཁ་བསམ་པའི་ཚོར་སྣང་ཞིག་སྐྱེས་བྱུང་། དེ་རིགས་ལ་རང་གཞུང་འབྲེལ་ཡོད་རྣམ་པས་འགྲོ་སྡོད་བྱེད་ས་མེད་མཁན་ལོ་མང་རིང་ལ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་ལ་དམིགས་བསལ་ཟུར་དུ་སྡོད་གནས་ཤིག་དགོངས་པ་བཞེས་དགོས་འདུག་སྙམ།

སྔོན་ལྟར་མ་ཡིན་པའི་བོད་ཡིག་ཐོག་ལ་དོ་སྣང་སླེབས་ཡོད་ཚུལ་བཀའ་སྤྱི་གཉིས་ཀྱི་གྲོས་ཚོགས་ར་བ་ནང་སྐད་གསེང་ཐོན་པོས་བསྒྲགས་སོང་ལ། དེ་འདྲའི་ཤེས་ཡོན་དང་ལྷག་དོན་བོད་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་སླེབས་མགོ་བཙུགས་ཡོད་ན་དེ་དག་ནི་གཏམ་བཟང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེས་གོ་སྐབས་ནམ་ཤར་ལ་བོད་མི་དང་བོད་ཕྲུག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བོད་ཀྱི་ཆོས་དང་རིག་གཞུང་གལ་གནད་ཆེན་པོ་ཡིན་ཚུལ་དང་། དེ་དག་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བཀའ་སློབ་རབ་དང་རིམ་པ་གནང་ཡོད།

དེ་བཞིན་བཀའ་ཤག་གོང་མའི་ཤེས་ཡོན་གལ་ཆེའི་ནང་ནས་དོན་ཆེར་བརྩིས་ཏེ་ཤེས་ཡོན་སྲིད་ཇུས་གཏན་འབེབས་དང་། དམིགས་བསལ་མེས་དཔོན་དཔེ་སྟོན་སློབ་གྲྭ་ཟུར་དུ་བཙུགས་ཏེ་དགེ་ལས་རྣམ་པས་ཕྱར་བ་གྲུ་འདེགས་ཀྱི་ལས་དོན་རླབས་ཆེན་གནང་སྟེ་འབུར་དུ་ཐོན་པའི་འགྲུབ་འབྲས་སྨིན་པ་བྱུང་བར་བརྟེན། སྤྱི་སྒེར་ཚང་མ་གཉིད་སད་པ་ལྟ་བུར་གྱུར་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ང་ཚོའི་སྤྱི་ཚོགས་ནང་ལ་གདེངས་འཇོག་ཆེ་ཤོས་འཇོག་སའི་སློབ་གྲྭ་ཞིག་བྱུང་བ་དང་། དེ་སྔོན་ཤེས་ཡོན་སྲིད་ཇུས་ལ་དོགས་འཆར་ཡོད་མཁན་མང་པོ་ཞིག་ཀྱང་རྣམ་རྟོག་ལས་གྲོལ་ཐུབ་པ་བྱུང་ཡོད། དེ་བཞིན་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ན་དོན་འབྲས་སོན་གྱི་མ་རེད་སོགས་གླེང་བརྗོད་སྤེལ་མཁན་ཚོ་ཡང་མི་སྨྲ་བརྟུལ་ཞུགས་འཛིན་དགོས་པ་གྱུར་ཡོད། ད་རེས་གྲོས་ཚོགས་ནང་ལ་དཔེ་སྟོན་སློབ་གྲྭའི་ཁག་བགོས་གཏང་སྟེ་སློབ་ཁོངས་གཞན་ནང་ལ་གཏང་འཆར་ཡོད་ཚུལ་ཐོས་མ་ཐག་སེམས་ནང་རང་བཞིན་མེད་པས་ཚབས་ཤིག་དང་མ་སྐྱིད་པའི་ཚོར་སྣང་ཞིག་སྐྱེས་བྱུང་ལ། གཅིག་བྱས་ན་རང་ཉིད་བློ་གྲོས་ཆུང་བའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཡིན་ཡང་སྲིད། ཡང་འགའ་ཤས་ཀྱིས་ཁག་བགོས་གཏང་བ་ཡིན་ནའང་སློབ་གྲྭ་ཚང་མར་ཤེས་ཡོན་སྲིད་ཇུས་དགོངས་དོན་ལྟར་སློབ་ཁྲིད་བྱེད་རྒྱུ་ཡིན་པར་བརྟེན་ཁྱད་པར་ཡོད་མ་རེད་ཟེར། གང་ལྟར་ཡར་རྒྱས་ལ་མཐའ་མེད་པ་ཡིན་དུས་མེས་དཔོན་དཔེ་སྟོན་སློབ་གྲྭ་དེ་ཉིད་གཞི་རྒྱ་ཆེ་རུ་གཏང་བ་ལས་དཔེ་སྟོན་སློབ་གྲྭ་ཁག་བགོས་གཏང་བ་ཡིན་ན་ཕན་ཐོགས་གང་ཞིག་ཡོང་གི་ཡོད་ན། དེ་དག་ལ་འབྲེལ་ཡོད་རྣམ་པས་ངེས་པར་དགོངས་པ་གཏིང་ཟབ་བཞེས་དགོས་པ་ལས་གནས་སྐབས་འཛིན་སྐྱོང་དཀའ་ངལ་སེལ་ཆེད་ཙམ་དམིགས་ནས་སློབ་གྲྭ་གཞན་ལ་བཏང་བ་ཡིན་ན། དེ་སྔོན་ཤེས་ཚད་ལ་གདེངས་འཇོག་ཡོད་པའི་སློབ་གྲྭའི་ཁོར་ཡུག་དེ་གང་འདྲ་ཞིག་འགྱུར་ན་སྙམ་སྟེ་བློ་དོགས་ཤར་ཡོང་གི་འདུག་ལ། གཅིག་བྱས་ན་གོང་ཞུ་ལྟར་རང་ཉིད་ཤེས་ཚད་དང་བློ་གྲོས་དམན་པ་ཡིན་སྲིད།

ལྷག་པར་གཞིས་བཞུགས་སྤུན་ཟླ་རྣམས་ལ་དཀའ་སྡུག་དེ་འདྲ་ཞིག་གི་འོག་ཏུ་འཚོ་བ་རོལ་དགོས་ནའང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ནུས་ཤུགས་ཡོད་ཚད་བཏོན་ནས་ལས་དོན་གནང་གི་ཡོད། རྒྱ་དམར་གྱི་བོད་མི་རིགས་ཀྱི་གཞུང་རྩ་མེད་གཏོང་རྒྱུ་དམིགས་ཡུལ་ངན་པ་བཟུང་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། ཡིན་ནའང་གཞིས་ལུས་མི་མང་ཤེས་ཡོན་ཅན་རྣམས་ཀྱི་བོད་ཀྱི་སྐད་ཡིག་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་ཞི་བའི་ལས་འགུལ་སྤེལ་བ་ལ་རྒྱ་དམར་གྱི་ཡ་ང་སྙིང་རྗེ་མེད་པ་དྲག་གནོན་བྱེད་བཞིན་ཡོད། དེ་བཞིན་རྒྱ་གཞུང་གི་ལྟ་བ་ལངས་ཕྱོགས་མི་མཐུན་པ་དང་། བོད་མི་རིགས་ཀྱི་བསམ་བློ་མཁན་རྣམས་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་མེད་པ་བཟོ་ཐབས་བྱེད་བཞིན་པ་དེ་རེད། རྒྱ་དམར་གྱི་ལས་འགུལ་དགྲ་རྩུབ་ག་ཚད་གནང་ནའང་བོད་མི་རིགས་མེད་པ་བཟོ་མི་ཐུབ་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་ཅིང་། དེར་བརྟེན་ང་ཚོ་རང་དབང་ལུང་པ་ཡོད་པའི་བོད་མི་རྒན་དར་གཞོན་གསུམ་གྱི་བློ་གྲོས་གཅིག་ཏུ་བསྒྲིལ་ནས་བོད་མི་རིགས་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ལ་གནའ་དེང་ཡ་མ་བྲལ་བའི་འདབ་གཤོག་གཉིས་ལྡན་གྱི་མི་རིགས་ཤིག་ཡོང་བར་ཤེས་ཡོན་ལ་འབད་བརྩོན་བྱེད་དགོས་པ་དེ་རེད། ལྷག་དོན་དྷ་ས་རི་གྲོང་འདི་ནས་བོད་མི་རིགས་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་མཛད་མཁན་གྱི་མེས་དཔོན་དཔེ་སྟོན་སློབ་གྲྭ་དེ་ཉིད་མ་འོངས་པ་གང་འདྲ་ཞིག་གྱུར་མིན་ད་ལྟ་བཀའ་ཤག་གི་ལག་ཏུ་ཡོད་ན་ངེས་པར་ཐུགས་ཞིབ་བྱེད་དགོས་པར་མཐོང་། རང་ཉིད་བོད་མི་ཞིག་ཡིན་པ་ཆ་ནས་བསམ་ཚུལ་བཤད་པ་ལས་མཁས་མདོག་དང་འཇོན་མདོག་གང་ཡང་མིན་ལ། དེ་ལས་ཀྱང་དམིགས་ཡུལ་གཉིས་པ་གང་ཡང་མེད་པའི་དེ་ལུགས་འབྲེལ་ཡོད་རྣམ་པའི་དགོངས་བཞེས་ཡོད་པར་མཛོད།།