ཤེས་རབ་ཀྱི་མེ་ལྕེ་ཞེས་པའི་དཔེ་དེབ་ལ་ལྟ་བ་།
ཀར་མཛེས་ཆོས་ཀྱི་རྒྱལ་མཚན།
རང་རེའི་བོད་ཁ་བའི་ལྗོངས་སུ་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཀློང་ན་དྲི་མ་མེད་པའི་ལུང་རིགས་ཀྱི་ཚེ་སྲོག་ཞུགས་པའི་བོད་བརྒྱུད་ནང་བསྟན་ལ། ཕྱི་ནང་གི་དགྲ་བོ་དུ་མ་ཞིག་བྱུང་བའི་ཁྲོད་ནས་ཆེས་རྣོ་ངར་ལྡན་ཤོས་ཀྱི་རྒོལ་རྡུང་གཏོང་མཁན་ནི་“ལོག་རྟོག་སྙིང་སྟོབས་”ཞེས་པའི་དཔེ་དེབ་འདི་ཡིན་གྲགས་ཤིང་།
དཔེ་དེབ་འདི་དཔར་སྐྲུན་བྱས་ཏེ་ལོ་ཤས་རིང་དེའི་སྐོར་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཆོས་བྱེད་མི་སྣ་དང་ཤེས་ལྡན་མི་སྣ་ཚོས་གླེང་སློང་སྣ་ཚོགས་སུ་བྱས་དང་བྱེད་མུས་མཆིས་ལ། དཔེ་དེབ་དེའི་ཤུགས་རྐྱེན་གྱིས་ནུབ་བྱང་མི་རིགས་སློབ་གླིང་དུ་རྩོམ་པ་པོ་བརྒྱ་སྐོར་ཞིག་གིས་རྩོམ་རིག་ཚོགས་འདུ་བསྡུ་སྐབས་ད་དཀོན་མཆོག་ཤི་སོང་ཟེར་བའི་སྐད་འབོད་ཀྱང་བྱས་པ་རེད། དམིགས་བསལ་ནང་བསྟན་གཞུང་ལུགས་དག་ལ་ཁྱད་སྦྱོང་བྱེད་བཞིན་པའི་ཆོས་སྡེ་ཁག་ཏུའང་རིག་སྨྲའི་གྲལ་དུ་ཡོད་པའི་མཁས་པར་རློམ་པ་འགའ་ཞིག་གིས་ཚྭ་སྨྱུག་ལ་ལད་ཟློས་ཀྱིས་ནང་བསྟན་གཞུང་ལུགས་ལས་གསུངས་པ་དག་ལ་ཡིད་བརྟན་མི་རུང་བའི་འཆལ་གཏམ་གང་འདོད་དུ་བསྒྲགས་ཏེ། སྤྲོ་སྣང་གིས་གང་འདུག་པ་ཡང་འགའ་རེ་མཆིས་པས། ལོག་པའི་ལམ་ལ་མུ་མཐའ་མེད་ཅེས་པའི་གདམ་ངག་དེ་ཡང་ཅི་འདྲའི་དོན་ཡོད་ཅིག་རེད་ཨང་སྙམ་པ་བྱུང་།
བདག་ལ་མཚོན་ན་ཡང་དེབ་དེའི་སྐོར་ཧ་ཅང་ལྟ་འདོད་ཀྱང་། དུས་ཚོད་དང་ཁོར་ཡུག་གི་ཤུགས་རྐྱེན་འོག་ལྟ་ཀློག་གི་གོ་སྐབས་མ་བྱུང་ཞིང་། ལོག་སྙིང་ལ་ཡང་བོད་ཕྱི་ནང་གཉིས་ཀྱིས་རྩོམ་འབྲི་བ་འགས་གཅིག་རྗེས་གཉིས་མཐུད་ཀྱིས་དགག་རྩོམ་ཀྱང་དུ་མ་ཞིག་སྤེལ་ཡོད་སྐད་ཀྱང་། ཁོ་བོས་ལྟ་ཡུལ་དུ་མ་གྱུར། ཉེ་ཆར་འབྲས་བློ་གླིང་བ་ར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བློ་ལྡན་ཤེས་རབ་ཀྱིས་བརྩམས་ཤིང། བོད་ནང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་ཤེས་རབ་ཀྱི་མེ་ལྕེ་ཞེས་པའི་དཔེ་དེབ་དེ་ལ་ཐེངས་ཤིག་ལྟ་ཀློག་གི་གོ་སྐབས་བྱུང་བ་དེས་ཚྭ་སྨྱུག་གིས་བརྩམས་པའི་“ལོག་རྟོག་སྙིང་སྟོབས་”ཞེས་པའི་རྩོམ་ཡིག་དག་ལ་ཡང་རྒྱུས་མངའ་མི་དམན་པ་ཞིག་ཡོད་པར་གྱུར་ཞིང་། དེ་ཡང་དཔེ་དེབ་དེའི་ནང་དུ་ནང་པའི་གཞུང་དུ་འཇིག་རྟེན་ཆགས་ཚུལ་ནས་བསྔགས་བླ་མེད་བར་དགག་པའི་ཚྭ་སྨྱུག་གི་ལོག་སྙིང་ཚིག་འབྲུ་རེ་རེ་བཞིན་བཀོད་ཅིང་། དེ་དག་གི་ལན་དུ་དོན་ཚན་ཆེན་པོ་ལྔ་རུ་ཕྱེས་ཏེ། རྨད་དུ་བྱུང་བའི་རིགས་ལམ་ཁོ་ནས་དམིགས་ཕུགས་ཏེེ་དགག་ལན་མཛད་འདུག་པས། ནང་བསྟན་སློབ་གཉེར་བ་སྤྱི་དང་ལྷག་པར་ནང་བསྟན་ཞིབ་འཇུག་བྱེད་པ་ལ་མ་འོངས་ལོ་རྒྱུས་ཁྲོད་ཤེས་རབ་ཀྱི་མེ་ལྕེ་ཞེས་པའི་དཔེ་དེབ་འདི་ནི་མེད་དུ་མི་རུང་བ་ཞིག་ཡོང་ངེས་རེད་སྙམ་པ་བྱུང་།
དཔེར་ན་ལོག་སྙིང་དུ་འཇིག་རྟེན་ཆགས་ཚུལ་གླེང་སྐབས་མདོ་བསྟན་བཅོས་དྲུག་ཙམ་གྱི་མཚན་བྱང་བགྲངས་ཏེ་དེ་དག་དང་ཆོས་མངོན་པ་ལས་གསུངས་པའི་འཇིག་རྟེན་ཆགས་ཚུལ་མི་མཐུན་པ་མེད་ཅེས་དང། ཡང་ནང་པའི་གཞུང་ལུགས་དག་ཏུ་འཇིག་རྟེན་ལེབ་ལེབ་ཅེས་བརྗོད་སྲོལ་ཡོད་ལུགས་ཀྱི་འུར་སྒྲོག དེ་བཞིན་དུ་རང་རེའི་བོད་དུ་དུས་ཀྱི་འཁོར་ལོའི་ནང་འཛམ་གླིང་ཟླུམ་པོ་གསུངས་པར་གྲགས་ཀྱང་། དུས་འཁོར་གྱི་གཞུང་དངོས་དང་བསྡུར་ན་དེ་འདྲ་ཚིག་གཅིག་ཀྱང་མེད་ལུགས་ཀྱིས་ལོག་བཤད་དག་ལ་རེ་རེ་ནས་མངོན་སུམ་གྱི་གནོད་པར་བསྟན་ཏེ། ཚྭ་སྨྱུག་ལགས། ནང་བསྟན་གཞུང་ལུགས་དག་ལ་སྦྱོང་པ་དེ་ཙམ་མེད་པའི་རང་མདོག་ཁ་གསལ་དུ་བཏང་འདུག
དེ་བཞིན་དུ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིས་བདེན་གཉིས་འཇོག་ཚུལ་བརྗོད་སྐབས་ལོག་སྙིང་དུ། ནང་བསྟན་གཞུང་ལུགས་ལས་ཆེས་རྩེར་སོན་གྱི་དཔལ་ལྡན་ཐལ་འགྱུར་བའི་ལུགས་ལ་ཀུན་རྫོབ་བདེན་པ་ལ་ཕྲ་རགས་གཉིས་ལས་རགས་པ་ནི་སྣོད་ཀྱི་འཇིག་རྟེན་དག་དང་། ཕྲ་མོ་ནི་ནང་གི་སེམས་སེམས་བྱུང་ལ་འཇོག་ལུགས་འུར་སྒྲོག་བྱས་པ་དག་ལ་ཡང་དབུ་མའི་གཞུང་ལུགས་དང་སྦྱར་ནས་ཀུན་རྫོབ་དང་དོན་དམ་གྱི་རྣམ་གཞག ཀུན་རྫོབ་ཕྲ་མོའི་ངོས་འཛིན། ཀུན་རྫོབ་ཕྲ་རགས་རྟོགས་པའི་གོ་རིམ་བཅས་གསལ་བཤད་དང་སྦྲགས་ནས་ཆེས་རྣོ་ངར་ལྡན་པའི་རིགས་པའི་འགྲོས་དང་བསྟུན་ནས་ལོག་བཤད་དེ་དག་རེ་རེ་ནས་སུན་འབྱིན་དང་། མདོར་ན་ལོག་སྙིང་གི་ལོག་བཤད་ཚིག་འབྲུ་རེ་རེ་ལ་ཡང་ཞིབ་ཚགས་པོའི་ལུགས་སུ་བྱས་ཏེ་དགག་གཞག་མཛད་ཅིང་། ཆེས་རྨད་དུ་བྱུང་བའི་རིགས་པའི་འགྲོས་ཆགས་པའི་མཚར་སྡུག་འོད་སྟོང་འབར་པའི་དགག་རྩོམ་ཕུལ་དུ་བྱུང་བ་ཞིག་ཏུ་སྣང་ངོ། །
སྤྱིར་ན་ཚྭ་སྨྱུག་ལ་སྤྲིངས་པའི་ཤེས་རབ་ཀྱི་མེ་ལྕེ་ཞེས་པའི་དཔེ་དེབ་འདི་ཕྱི་ལོ་༢༠༡༡ ལོ་ནས་མཇུག་རྫོགས་པར་བྲིས་ཟིན་ན་ཡང་། ད་བར་དཔར་སྐྲུན་མ་བྱས་པ་ནི་རང་ཡུལ་གངས་ལྗོངས་སུ་རང་ལུས་མེར་སྲེག་གིས་མཚོན་པའི་སྤུན་ཟླ་ཚོས་རང་དབང་འཐབ་རྩོད་ཀྱི་རླབས་རྒྱུན་དྲག་ཏུ་འཕྱུར་བཞིན་པའི་འོག་འགྲེམས་སྤེལ་བྱས་ན་སྤུན་ཟླ་ནང་ཁུལ་དུ་དགག་རྒྱག་བྱས་པར་འོས་འཚམས་མིན་པར་མཐོང་སྟེ་ལུས་མོད། འདི་ལོར་བོད་ནང་དུ་ཅུང་ཞི་འཇམ་དུ་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་འགྲེམས་སྤེལ་བྱས་པ་ཞིག་ཡིན་འདུག མདོར་ན་ང་ཚོའི་མིག་སྔར་ལོག་སྙིང་གི་ལོག་བཤད་དག་དང་ཤེས་རབ་ཀྱི་མེ་ལྕེ་ལས་མཆེད་པའི་འོད་སྟོང་འབར་བའི་རིགས་ལམ་ཟུང་ཞིབ་བསྡུར་དང་བསམ་གཞིག་རེ་བྱོས་དང། ད་གཟོད་ལོག་སྙིང་དུ་ལོག་བཤད་ཚང་ཚིང་གིས་ཁེངས་པའི་ནགས་ཀློང་ཐམས་ཅད་སྐད་ཅིག་ལ་བསྲེགས་འདུག་སྙམ་པ་ཞིག་ངང་གིས་འབྱུང་ངེས་རེད།
འོན་ཀྱང་ཚྭ་སྨྱུག་ནི་རང་རེའི་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཙམ་དུ་མ་ཟད་རབ་ཏུ་བྱུང་བ་ཞིག་ཀྱང་ཡིན་པས། མཐའ་གཅིག་ཏུ་ཁོང་ནི་བསྟན་པ་དང་བསྟན་པ་འདིའི་སྲོལ་གཏོད་པ། དེ་བཞིན་དུ་སྲོལ་འཛིན་པ་བཅས་ལ་ཞེ་ལོག་པ་ཞིག་རེད་ཅེས་བརྗོད་མི་སྤོབས་ཀྱང་བསྟན་པ་ལ་དྭོགས་སློང་ཁྱད་པར་བ་ཞིག་བྱས་འདུག་པས། ལྟོས་འབྱུང་གི་འབྲེལ་བའི་ཐོག་ནས་ཁོང་པ་ནང་བསྟན་སྤྱི་དང་དམིགས་བསལ་བོད་རྒྱུད་ནང་བསྟན་དག་ཐེར་ལ་བཀའ་དྲིན་ཅན་ཞིག་ཏུ་བསམ་མོད། བློ་ཕམ་པ་ཞིག་ལ་དེང་སྐབས་སྤྱི་ཚོགས་ཁྲོད་དུ་ཁོང་འཇའ་ཚོན་ཇི་བཞིན་ཡལ་སོང་སྐད།།