ཤེས་རབ་དགའ་ཚལ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་༢༥ འཁོར་བའི་དུས་དྲན།
ཉེ་བའི་ལོ་ཤས་ནས་བོད་ནས་ཡོང་མཁན་ཇེ་ཉུང་སོང་སྟེ་ད་ལྟའི་ཆར་སློབ་མ་༨༠ ཙམ་ལས་མེད་སྟབས་གནས་སྟངས་འདི་འདྲ་མུ་མཐུད་ནས་འབྱུང་ཚེ་སློབ་གྲྭ་ལོ་མང་རིང་གནས་ཐུབ་རྒྱུ་ཁག་པོ་རེད་བསམ་ནས་ལོ་ངོ་ཉེར་ལྔའི་དུས་དྲན་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོར་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོག་སོང་ཞིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས་པའི་སྤྱི་འཐུས་ཁག་ཅིག་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་དང་སློབ་སྤྱི་ཟུར་པ་དང་། ལས་བྱེད་ཟུར་པ། ད་ཡོད་ལས་ཐོག་རྣམ་པ། གཞན་ཡང་སློབ་ཟུར་༣༥༠ ཡས་མས་ཤིག་བཅས་སོགས་འཛོམས་འདུག
དེ་ཡང་མཛད་སྒོའི་ཐོག་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་གྱིས་ལོ་ངོ་༢༥ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་དགོས་དོན་གྱི་སྐོར་ལ་གསུང་དོན་དུ། “གཙོ་བོ་༧གོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་འོག སློབ་གྲྭ་འདིའི་འགན་འཛིན་ཟུར་པ་སྐུ་ངོ་བྱམས་པ་ལགས་གཙོས་པའི་འགན་འཛིན་ཟུར་པ་རྣམ་པ་དང་། དགེ་ལས་ཟུར་པ་དང་ལས་ཐོག ལྷག་པར་དུ་སློབ་མ་རྣམས་ཀྱི་སེམས་ཤུགས་དང་སྦྱངས་བརྩོན་སོགས་ཀྱི་འབྲས་བུར་ཐོག་མར་གུར་དང་ལྕགས་ཤོག་ཁང་པ་ནས་འགོ་བཙུགས་ཏེ། ཡར་ངོའི་ཟླ་བ་བཞིན་ཕྱི་ནང་གི་མཐུན་རྐྱེན་འདི་ལྟ་བུ་ཡར་རྒྱས་ཕྱིན་པ་ཚང་མས་མཐོང་གསལ་རེད་ལ། སློབ་གྲྭ་འདི་ནས་ཐོན་པ་རྣམས་ད་སྐབས་བོད་པའི་སྤྱི་ཚོགས་ནས་ཕྱག་ལས་གལ་ཆེན་རིགས་གནང་མཁན་མང་པོ་བྱུང་ཡོད། དཔེར་ན། སྤྱི་འཐུས་དང་། གསར་འགོད་པ། རྩོམ་པ་པོ། དགེ་རྒན་སོགས་གང་ཙམ་བྱུང་ཡོད། ཡིན་ན་ཡང་། སྔར་སློབ་མ་མང་པོ་ཡོད་རུང་ཉེ་བའི་ལོ་ཤས་ནས་བོད་ནས་ཕེབས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བའི་རྐྱེན་གྱིས་ད་ལྟའི་ཆར་སློབ་མ་༨༠ ཙམ་ལས་མེད་པ་དང་། དེའི་ནང་ནས་༢༠ ལྷག་གོ་སྐབས་གཉིས་པ་ཆགས་ཡོད། དེ་འདྲ་སོང་ཙང་གནས་སྟངས་འདི་འདྲ་མུ་མཐུད་ནས་འབྱུང་ཚེ་སློབ་གྲྭ་འདི་བཞིན་ད་དུང་ལོ་མང་རིང་གནས་ཐུབ་རྒྱུ་ཁག་པོ་རེད་བསམ་ནས་ལོ་ངོ་ཉེར་ལྔའི་དུས་དྲན་འདི་གོ་སྒྲིག་ཞུས་པ་ཞིག་ཡིན། འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པར་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དང་ཆབས་ཅིག སློབ་གྲྭ་འདིའི་འགན་འཛིན་ཟུར་པ་དང་། དགེ་ལས་ཟུར་པ་དང་ལས་ཐོག དེ་བཞིན་སློབ་མ་ཟུར་པ་དང་ད་ཡོད་བཅས་ཕན་ཚུན་བརྩེ་སེམས་ལྷད་མེད་འོག་ལྷན་འཛོམས་ཀྱི་དུས་དྲན་སྲུང་བརྩི་དང་། དགའ་སྤྲོ་ལ་རོལ་རྒྱུ་བྱུང་ན་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་དང་ནང་ཁུལ་འཆམ་མཐུན་ཡོང་བའི་གོ་སྐབས་བཟང་པོ་ཞིག་རེད་བསམ་ནས་ཞུས་པ་ཞིག་ཆགས་ཀྱི་ཡོད་”ཅེས་དང་། དེ་བཞིན་མོས་སློབ་གྲྭ་ངོ་སྤྲོད་གནང་བའི་ནང་། “༧གོང་ས་མཆོག་དང་བོད་གཞུང་གི་ལམ་སྟོན་འོག་ཕྱི་ལོ་༡༩༩༣ ཟླ་བ་༣ པའི་ཚེས་༧ ཉིན་བོད་ནས་གསར་དུ་འབྱོར་བ་རང་ལོ་༡༨ ནས་༣༠ བར་གྱི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་བདེ་སྲུང་ཁྱབ་ཁོངས་དབུས་སྣེ་ལེན་ཁང་གི་སློབ་མ་༡༠༧ ལས་གྲུབ་པའི་གསོག་སྒར་སློབ་གྲྭ་འདི་ཐོག་མར་དབུ་གུར་ཕུབ་ནས་བཙུགས་གནང་ཞིང་། ལོ་དེའི་ཕྱི་ཟླ་༤ པའི་ཚེས་༡ ཉིན་དངོས་སུ་སློབ་འགོ་བཙུགས་ཐུབ་པ་བྱུང་ཡོད། རིམ་བཞིན་ལྕགས་ཤོག་ཁང་པ་བརྒྱབས་ནས་ཕྱི་ལོ་༡༩༩༤ ཟླ་བ་༧ པའི་ཚེས་༡༡ ཉིན་༧གོང་ས་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལམ་སྟོན་བཀའ་སློབ་ཟབ་མོ་གནང་བ་དང་། ཕྱི་ལོ་༡༩༩༨ ལོར་༧གོང་ས་མཆོག་གིས་སློབ་གྲྭ་འདིར་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་པའི་མཚན་བྱང་ཡང་གནང་། ཕྱི་ལོ་༢༠༠༢ ཟླ་བ་༧ པའི་ཚེས་༡༨ ཉིན་དབུས་སྣེ་ལེན་ཁང་གིས་ཤེས་རབ་དགའ་ཚལ་སློབ་གླིང་འདི་བོད་གཞུང་ཤེས་རིག་ལྷན་ཁང་ལ་རྩིས་སྤྲོད་གནང་འདུག ཤེས་རིག་ལྷན་ཁང་གིས་ལོ་ངོ་༩ མ་ཟིན་ཙམ་གྱི་རིང་སློབ་གྲྭ་འདི་འཛིན་སྐྱོང་གནང་བ་དང་། སློབ་ཕྲུག་ཚོའི་ཤེས་སྤྱོད་གཙང་གསུམ་ལ་ཕུགས་རྒྱང་རིང་པོའི་དགོངས་པ་གཏིང་ཟབ་བཞེས་ནས་ཕྱི་ལོ་༢༠༡༡ ཟླ་བ་༡ པོའི་ཚེས་༣ ཉིན་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སུ་བཅུག་འདུག”ཅེས་གསུངས་སོང་བ་མ་ཟད། ཕྱི་ལོ་༢༠༠༢ ནས་བཟུང་ཤེས་ཡོན་དང་ལག་ཤེས་ཀྱི་སྡེ་ཚན་གཉིས་སུ་ཕྱེས་ནས། ཤེས་ཡོན་སྡེ་ཚན་ནང་བོད་ཡིག་རྐྱང་པ་དང་། བོད་དབྱིན་ཟུང་འབྲེལ། བོད་དབྱིན་རྩིས་གསུམ་ཡོད་པ་བཅས་དང་། དེ་བཞིན་ལག་ཤེས་སྡེ་ཚན་ཁོངས་སུ་འཚེམ་བཟོ་དང་། ལྷ་བྲིས། ཤིང་བཟོ། གློག་ཀླད་བཅས་ཡོད་འདུག་པ་དང་། སམ་བྷོ་ཊའི་ཁོངས་སུ་འཛུལ་རྗེས་ནས་སློབ་ཡུན་ལོ་༨ ལ་སྤར་ཡོད་འདུག་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་འཛིན་རིམ་བཅུ་པའི་སློབ་ཐོན་སློབ་མ་༨༠ དང་། འཛིན་རིམ་༡༢ ཐོན་པའི་སློབ་མ་༢༡ བྱུང་ཡོད་འདུག ཞལ་ལག་སྡེ་ཚན་ནས་ཐོན་པ་སློབ་མ་༣༠ དང་། ལྷ་བྲིས་ནས་ཐོན་པ་༦། འཚེ་བཟོ་ནས་ཐོན་པ་༢། གློག་ཀླད་སྡེ་ཚན་ནས་ཐོན་པ་༩། མཚམས་སྦྱོར་ནས་ཐོན་པ་༡༡ བཅས་བྱུང་ཡོད་འདུག
དེ་བཞིན་མཛད་སྒོའི་ཐོག་དབུས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་གྱིས། སློབ་སྦྱོང་གི་དམིགས་ཡུལ་དེ་ལག་འཁྱེར་རག་ཙམ་མིན་པར་མི་བཟང་པོ་བྱ་གལ་ཆེ་སྐོར་དང་། དེ་བཞིན་ཐོག་མར་བོད་ནས་ཡོང་སྐབས་ཀྱི་དམིགས་འདུན་མ་བོར་བ་བྱ་གལ་ཆེ་སྐོར་སོགས་ཀྱི་བཅས་ཀྱི་གསུང་བཤད་གནང་སོང་བ་མ་ཟད། འདི་ལོར་འཛིན་རིམ་༡༢ སློབ་མཐར་སོན་པའི་སློབ་མ་༣ དང་ཞལ་ལག་སྡེ་ཚན་ནས་སློབ་མཐར་སོན་པ་༢ གཉིས་བཅས་ཁྱོན་སློབ་མཐར་སོན་པ་༥ ལ་ཕྱག་འཁྱེར་དང་། སློབ་ཟུར་གོ་སྒྲིག་ཚོགས་ཆུང་ནས་འགན་འཛིན་དང་སློབ་སྤྱི་དགེ་ལས་སོགས་ཟུར་པ་དང་ད་ཡོད་ཁག་ལ་ཕྱག་རྟགས། གཞན་ཡང་སློབ་ཟུར་གོ་སྒྲིག་ཚོགས་ཆུང་གི་འཐུས་མིའི་གསུང་བཤད། དཔེ་དེབ་ཁག་དབུ་འབྱེད། གཞས་སྣ་ལེའུ་ཚན་ཁག་ཅིག་གཟིགས་འབུལ་ཞུས་སོང་།
མཇུག་ཏུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས། ཤེས་རབ་དགའ་ཚལ་སློབ་གླིང་ནས་ཐོན་པའི་སློབ་ཟུར་རྣམས་ཀྱི་ཁོངས་སྤྱི་འཐུས་དང་གསར་འགོད་པ་སོགས་མང་པོ་ཡོད་སྟབས། སློབ་མ་གསར་པ་རྣམས་ཀྱིས་སྲིད་སྐྱོང་དང་བཀའ་བློན་བྱ་རྒྱུའི་དམིགས་ཚད་འཛིན་དགོས་སྐོར་དང་། ཤེས་རབ་དགའ་ཚལ་སློབ་གླིང་ད་ལྟ་བར་དུ་དགེ་རྒན་ལས་བྱེད་རྣམས་ཀྱི་དྲིན་ལས་ཚགས་ཚུད་པོ་བྱུང་ཐུབ་ཡོད་པ། ཁག་ཅིག་གི་དགོངས་ཚུལ་ལ་བོད་མིའི་སྒྲིག་འཛུགས་ནས་ཆབ་སྲིད་ཀྱི་ཐོག་ནས་གང་བྱེད་ཀྱི་མི་འདུག་བསམ་ནས་བརྗོད་མཁན་ཡོད་ཀྱང་། ཤེས་རབ་དགའ་ཚལ་སློབ་གླིང་ལྟ་བུའི་སློབ་གྲྭ་བརྒྱུད་ནས་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་པ་དང་། སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡག་ཏུ་ཡོང་ཐབས་བྱེད་པ་དང་། རྒས་གསོ་ཁང་ལ་ལྟ་རྟོག་བྱེད་པ། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། ཕྱི་རྒྱལ་ལ་འབྲེལ་བ་བྱེད་པ་བཅས་སྤྱི་ཡོངས་ནས་ཆབ་སྲིད་ཡིན་པ་དང་། དེ་དག་གི་རྨང་གཞི་མེད་ཚེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང་ལས་ཀ་བྱེད་རྒྱུ་མི་ཡོང་སྐོར། མཛད་སྒོའི་སྐབས་སུ་གཞས་ཚིག་ནང་ཆོལ་གསུམ་མཐུན་སྒྲིལ་གྱི་སྐོར་ལ་འཁོད་ཡོད་ཁར་གཏོང་མཁན་ཚང་མས་དེ་གལ་ཆེན་པོ་བརྩིས་པའི་ཐོག་ནས་གཏོང་བ་བཞིན་དེ་ལྟར་ལག་བསྟར་ཐུབ་པ་བྱ་རྒྱུའི་་རེ་ཞུ་བཅས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།