ཤེས་རིག་ཚོགས་ཆེན་སྐབས་བརྒྱད་པའི་ཐོག་གྲོས་གཞི་དོན་ཚན་བཞི་ལ་གོ་བསྡུར་གནང་རྒྱུ་རེད་འདུག

བོད་པའི་སློབ་གྲྭ་ཁག་༦༡ གི་འགན་འཛིན་དང་དགེ་ཆེ། དགེ་རྒན་སོགས་ཁྱོན་བསྡོམས་༢༠༦ ཙམ་མཉམ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། དེ་རིང་གཙོས་པའི་ཉིན་གྲངས་གསུམ་གྱི་རིང་། ཚོགས་བཅར་བ་ཚོས་གྲོས་གཞི་དོན་ཚན་བཞིའི་ཐོག་ལ་གོ་བསྡུར་གནང་རྒྱུ་རེད་འདུག

པར། བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༧ ཉིན་གྱི་ཞོགས་པ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཙོས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས། བོད་པའི་སློབ་གྲྭ་ཁག་༦༡ གི་འགན་འཛིན་དང་དགེ་ཆེ། དགེ་རྒན། མཐོ་སློབ་ཁག་གི་སྐུ་ཚབ་སོགས་ཁྱོན་བསྡོམས་ཚོགས་བཅར་བ་༢༠༦ ཙམ་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་ནས། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོད་མཁན་གྱི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱེད་དགོས་རྒྱུ་གལ་ཆེན་ཡིན་པ་མ་ཟད། སློབ་གྲྭ་སོགས་སུ་བུད་མེད་ལ་རྩུབ་སྤྱོད་ཀྱི་གནས་ཚུལ་བྱུང་ཚེ། ཡུལ་ཁྲིམས་དང་མཐུན་པའི་ཐོག་ཆད་པ་གཅོད་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་།

དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས། ༧གོང་ས་མཆོག་གིས་ཤེས་ཡོན་གལ་ཆེར་བརྩིས་ནས་ཐོག་མར་བཙན་བྱོལ་ལ་ཕེབས་འབྱོར་བྱུང་མ་ཐག་ན་གཞོན་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་གསོའི་ཆེད་སློབ་གྲྭ་ཁག་ཟུར་འཛུགས་གནང་བ་ལྟར་ཤེས་ཡོན་སྤྲོད་ཕྱོགས་ཐོག་ཡར་རྒྱས་གཏོང་རྒྱུར་དགོངས་པ་བཞེས་དགོས་པ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཞེས་གསུངས་པ་ལྟར། དགེ་རྒན་རྣམས་ནི་ཡོན་ཏན་གྱིས་ཕྱུག་པ་དང་སློབ་མ་ལས་ཡོན་ཏན་ལྷག་པ། སྨྲ་མཁས་པ། བརྩེ་བ་དང་བརྩོན་འགྲུས་དང་ལྡན་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་ལ། གཞན་ཡང་ཤེས་རིག་བཀའ་བློན་ནས་ཀྱང་ཚོགས་འདུའི་བརྗོད་དོན་དང་འབྲེལ་བའི་གསུང་བཤད་གནང་སོང་།

དེ་རིང་ནས་ཕྱི་ཚེས་༩ བར་ཉིན་གྲངས་གསུམ་གྱི་རིང་། ཚོགས་བཅར་བ་ཚོས་གྲོས་གཞི་ཁག་བཞི་སྟེ། གྲོས་གཞི་དང་པོ། གཏན་ཉིན་སློབ་གྲྭ་ཁག་ནང་སློབ་ཕྲུག་གི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་མུས་ལ་བརྟེན་ཟླ་སྒྲིལ་སོགས་ཀྱི་ལམ་ནས་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས། འཛིན་གྲྭའི་ནང་སློབ་མ་དབུས་བཞག་གི་སློབ་ཁྲིད་གནང་ཕྱོགས། བྱ་དགའ་དང་ཉེས་ཆད་ལ་བསྟེན་མི་དགོས་པའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་བཅས་ཇི་དགེའི་སྐོར།

གྲོས་གཞི་གཉིས་པ། རང་རེའི་སློབ་གྲྭ་ཁག་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། འཆར་ཤེལ་ལྟ་ཡུན་རིང་བའི་རྐྱེན་གྱིས་སློབ་ཕྲུག་གི་དོ་སྣང་ཇེ་ཞན་དུ་འགྲོ་བ། གཞན་ཡང་བརྡ་འཕྲིན་འཕྲུལ་ཆས་ཚད་ལས་བརྒལ་བ་ལྟ་ཀློག་གི་ཤུགས་རྐྱེན་ལ་བརྟེན་ནས་སློབ་སྦྱོང་གི་དཀའ་ངལ་བཅས་ལ་གདོང་ལེན་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་གཞི་གསུམ་པ། སློབ་ཁྲིད་དང་སློབ་སྦྱོང་གི་བརྒྱུད་རིམ་ནང་བརྡ་འབྲེལ་འཕྲུལ་རིག་ནུས་པ་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་ཕྱོགས་དང་། དཀའ་ངལ་ཇི་འཕྲད། དེ་བཞིན་སློབ་གྲྭ་དང་དགེ་རྒན་ཐུན་མོང་ནས་དེའི་ཐད་གདོང་ལེན་གནང་ཕྱོགས་ཇི་དགེའི་སྐོར།

གྲོས་གཞི་བཞི་པ། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཁྲིད་ཀྱིས་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལ་ཁ་གཏད་དང་། བཙན་བྱོལ་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས། དགེ་རྒན་གྱི་ངོས་འཛིན་དང་མཚན་མཐོང་དང་འབྲེལ། བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར་བཅས་ཀྱི་ཐོག་ལ་གོ་བསྡུར་གནང་རྒྱུ་རེད་འདུག

གཞན་ཡང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ནས་སློབ་གྲྭ་ཁག་གི་ནང་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དང་། དེའི་ཐད་སློབ་གྲྭའི་དགེ་རྒན་དང་འགོ་ཁྲིད་རྣམས་ཀྱིས་འགན་ཁུར་བཞེས་ཕྱོགས་སྐོར་ལ་གསུང་བཤད་གནང་རྒྱུ། མུམ་བྷཡེ་ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་ཁང་གི་དགེ་རྒན་སློབ་གསོའི་ཕུལ་བྱུང་ལྟེ་གནས་ཀྱི་དགེ་རྒན་ཨ་ནིལ་མེ་མན་གྱིས་སློབ་གྲྭའི་ནང་བརྡ་འབྲེལ་འཕྲུལ་རིག་མཉམ་བསྡུས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ། སློབ་ཁྲིད་དང་སློབ་སྦྱོང་ཕན་ནུས་ལྡན་པའི་ལག་ལེན་བསྟར་ཕྱོགས་དང་། དཀའ་ངལ་ཇི་འཕྲད། ཐབས་ལམ་ཇི་ཡོད་བཅས་ཀྱི་སྐོར་གསུང་བཤད་གནང་རྒྱུ། ཨ་རིར་གནས་སྡོད་མོན་ཊེ་སོ་རིའི་སློབ་གསོའི་ཆེད་ལས་པ་ལྷ་མོ་སྤེན་པས་ན་ཆུང་བྱིས་པའི་སློབ་གསོའི་གལ་གནད་རང་བཞིན་དང་། སློབ་མའི་ཕྱོགས་ཡོངས་ཀྱི་འཚར་ལོངས་ཐད་དགེ་རྒན་དང་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱི་འགན་ཁུར་གནང་ཕྱོགས་བཅས་ཀྱི་སྐོར་གསུང་བཤད་གནང་རྒྱུ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།