ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འཆར་གཞི་གསར་པ།
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༦ ལོའི་སློབ་ཡོན་འཆར་གཞི་གསར་པའི་གསལ་བསྒྲགས་ཤིག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་བཀོད་འདུག་པ་དང། དེའི་ནང་ཉམས་ཐག་ཨང་ཐོབ་ག་པ་ཅན་གྱི་སློབ་བུ་གང་ཞིག་བརྒྱ་ཆ་༤༠ ནས་༥༠ བར་ལོན་པ་རྣམས་ཐོག་མར་མཐོ་སློབ་དང་ལས་རིགས་ཀྱི་སློབ་གྲྭའི་སློབ་ཡོན་མ་ཐོབ་སྔོན་དུ། དྭང་སློབ་ལ་ངེས་པར་དུ་གཟུགས་གཞིའི་ལས་འཕེར་གྱི་ཐོག་ནས་ཚུད་མིན་གྱི་བརྟག་དཔྱད་བྱེད་པར་འགྲོ་དགོས་པ་དང། གལ་ཏེ་དྭང་སློབ་ལ་མ་ཚུད་ན་སློབ་ཡོན་སྤྲད་རྒྱུ་ཡིན་སྐོར་བཀོད་འདུག
སྤྱི་ཚོགས་ནང་ལ་སློབ་མ་ཞིག་གི་ནུས་པ་དེ་ཡིག་ཚད་ཀྱི་བརྒྱ་ཆས་གསལ་པོ་ཤེས་དཀའ་བ་དང། གྲོས་ཚོགས་ནང་ལ་ཡང་དྭང་སློབ་ལ་འགྲོ་དགོས་པའི་སྒྲིག་གཞི་དེ་འགྱུར་བཅོས་དགོས་སྐོར་གླེང་སློང་བྱས་ཡོད་ཀྱང། ཤེས་རིག་ལས་ཁུངས་ཀྱིས་སྒྲིག་གཞི་དེ་རང་དགར་བཞག་འདུག
དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་མི་འདྲ་བ་ཁག་༦ དང་དེ་དག་གི་ཆ་རྐྱེན་སོགས་ཁྱབ་བསྒྲགས་བྱས་འདུག
༡༽ སྲིད་སྐྱོང་སློབ་ཡོན་དང་སྲིད་སྐྱོང་ཆེ་བསྟོད་ལག་འཁྱེར།
༡། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པ་༼བརྒྱ་ཆ་རྩིས་ཕྱོགས་དམིགས་བསལ་བྱས་སྟེ་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་དགོས་པ་མ་ཟད་བོད་ཡིག་ལ་བརྒྱ་ཆ་༦༠ ཉུང་མཐའ་ལོན་དགོས་ཀྱི་ཡོད། ༽ རྣམས་ནས་འདི་གའི་ ༢༠༡༦ སློབ་ཡོན་གསལ་བསྒྲགས་སྔོན་སོང་ལྟར་འཚང་སྙན་དུས་ཐོག་འབུལ་དགོས་པ་དང༌། སྲིད་སྐྱོང་སློབ་ཡོན་མུ་མཐུད་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལོ་རིམ་དང་པོ་དང་གཉིས་པ་སོ་སོར་ཡིག་རྒྱུགས་བརྒྱ་ཆ་༧༠ ཡན་ངེས་པར་ལོན་པ་དགོས་ཀྱི་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སུ་མ་གཏོགས་པ་སྒེར་སློབ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་བརྒྱ་ཆ་༩༥ ཡན་ལོན་པ་གང་ཞིག་ལ་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་རིགས་ལ་སྲིད་སྐྱོང་ཆེ་བསྟོད་ལག་འཁྱེར་གནང་རྒྱུ། དེ་རིགས་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༣༡ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབྲེལ་བ་བྱེད་དགོས་པ་ཡིན་འདུག
༢༽ སྲིད་སྐྱོང་གཟེངས་བསྟོད།
དབུས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་སློབ་ཡོན་སྦྱར་བ་དང༌། བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་ལ་སྒེར་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ནས་བཟུང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་(Ph.D)སློབ་ཐོན་རྣམས་ལ་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠༠༠༠།༠༠ གནང་རྒྱུ་ཡིན་འདུག་པ་དང། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༡༥ ནང་ཚུད་སྙན་འབུལ་མཉམ་གོང་གསལ་སློབ་ཚན་ཐོན་པའི་ལག་འཁྱེར་ངོས་བཤུས་བཅས་ཤེས་རིག་ལ་སྤྲད་དགོས་པ་ཡིན་འདུག
༣༽ ལེགས་གསོལ་བྱ་དགའ།
ཕྱི་ལོ་༢༠༡༣ ལོའི་སློབ་ཡོན་འཆར་གཞི་གསར་པའི་ཁོངས་སུ་མ་གཏོགས་པའི་ཤེས་རིག་སློབ་ཡོན་ཞུ་སྤྲོད་གནང་བཞིན་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། གཙུག་ལག་རབ་འབྱམས་པའི་སློབ་མ་ལོ་རེའི་ཡིག་རྒྱུགས་སྐབས་བརྒྱ་ཆ་༧༥ ལོན་པ་རྣམས་ལ། དེ་སྔ་སློབ་ཡོན་གཏན་འབེབས་ཇི་ཡོད་ཐོག་ལོ་དེར་ལེགས་གསོལ་སྒོར་༡༠༠༠༠ འཕར་མ། དེ་མཚུངས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དང་བཅས་པ་ནས་སློབ་ཡོན་མ་ཞུས་པར་སོ་སོའི་འགྲོ་གྲོན་ཐོག་མཐོ་སློབ་སློབ་གཉེར་བྱེད་བཞིན་པའི་ཁོངས་ནས་གོང་བཞིན་ལོ་རིམ་སོ་སོའི་ཡིག་རྒྱུགས་བརྒྱ་ཆ་༧༥ ཡན་ལོན་ཚེ། དེ་རྣམས་ལའང་སྒོར་ ༡༠༠༠༠ ལེགས་སྐྱེས་སྤྲོད་རྒྱུ་ཡིན། འོང་ཀྱང་སློབ་མ་འདི་རིགས་ནས་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས་ཀྱི་ཡོད་འདུག
༤༽ ཕྱི་རྒྱལ་སྐད་ཡིག་སློབ་ཚན་སློབ་ཡོན།
ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་སློབ་ཕྲུག་གང་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་ལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ལྟེ་གནས་ཁང་ཞིག་ནང་རྒྱ་ཡིག་དང་ཧྤ་རཱན་སི། ཨུ་རུ་སུ། ཨ་རབ། སི་པཻན། ཉི་འོང་བཅས་ཀྱི་ཚད་འཛིན་གྱི་སྐད་ཡིག་སྦྱོང་མཁན་ལ་སྒོར་༡༠,༠༠༠ དང༌། ཚད་མཐོའི་སྐད་ཡིག་སྦྱོང་མཁན་ལ་སྒོར་༡༥,༠༠༠སློབ་ཡོན་སྤྲོད་རྒྱུ་ཡིན་འདུག
༥༽ དུས་ཐུང་ཆེད་ལས་སློབ་ཡོན།
ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་སློབ་ཕྲུག་གང་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་ཆེད་ལས་སློབ་ཚན་གཞན་ཐོག དུས་ཐུང་ཟུར་སྦྱོང་གི་ཤེས་ཚད་ལག་འཁྱེར་ལེན་མཁན་རྣམས་ལ་སྒོར་༥༠༠༠ རེ་འཕར་སྣོན་སྤྲོད་རྒྱུ་ཡིན་འདུག
༦༽ ཉམ་ཐག་སློབ་མར་སློབ་ཡོན།
དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་ཐོབ་ག་པ་ཅན་གྱི་སློབ་མ་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༤༠ ནས་༥༠ བར་ལོན་པ་གང་ཞིག མཐོ་སློབ་དང་ལས་རིགས་སློབ་སྦྱོང་སོགས་ནང་ཞུགས་བློ་ཡོད་ཚེ་དམིགས་བསལ་སློབ་ཡོན་སྤྲོད་རྒྱུ་ཡིན་འདུག ཡིན་ཡང་སློབ་བུ་དེ་རྣམས་སྔོན་དུ་དྭང་སློབ་ནང་ངེས་པར་འཛུལ་ཞུགས་གནང་དགོས། གལ་ཏེ་ལུས་བབ་གོ་འཕེར་མེད་པ་སོགས་ཀྱིས་དྭང་སློབ་ཏུ་མ་འཚུད་ཁར་འབྲེལ་ཡོད་དྭང་སློབ་འགོ་འཛིན་ལས་ཁང་ནས་རྒྱབ་གཉེར་བྱུང་ཚེ་མཐོ་སློབ་དང་ལས་རིགས་སློབ་སྦྱོང་གང་རུང་དུ་ཞུགས་རྒྱུར་དམིགས་བསལ་སློབ་ཡོན་སྤྲོད་རྒྱུའི་བསམ་བློ་གཏོང་རྒྱུ་ཡིན་འདུག
སྤྱིར་བཏང་སློབ་བུ་གང་ཞིག་ལ་རྒྱལ་ཡོངས་ཡིག་རྒྱུག་ཁྲོད་བརྒྱ་ཆ་༥༠ མན་ཆད་ཐོན་ཚེ། དྭང་སློབ་ལ་འགྲོ་དགོས་པའི་སྒྲིག་གཞི་ཡོད་འདུག་པ་དང། སྒྲིག་གཞི་དེས་སློབ་བུ་ཞིག་གི་ནུས་པ་བརྒྱ་ཆ་ལ་གཞི་འཛིན་བྱས་ཏེ་མདུན་ལམ་བཀག་གི་ཡོད་པའི་བསམ་ཚུལ་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།