ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་ཁག་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་བཀོད་ཁྱབ་བཏང་། 

 

རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཝན་(Wuhan)ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་ Covid-19 ཞེས་པ་དེ་ད་ལྟ་འཛམ་གླིང་ཁྱོན་ལ་ཁྱབ་གདལ་ཕྱིན་ནས་སྐྱེ་བོ་བཞི་སྟོང་ལྷག་འདས་གྲོངས་སུ་གྱུར་ཞིང་། མི་མང་འབུམ་ཕྲག་བརྒལ་བར་ནད་ཡམས་དེ་འགོས་ཟིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གི་རྟེན་གཞིར་གྱུར་བའི་རྒྱ་གར་རྒྱལ་ཁབ་ཀྱི་ནང་དུའང་ནད་ཡམས་དེ་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་འཐོན་མུས་སུ་ཡོད་པར་བརྟེན། ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་ཁག་ལ་ནད་ཡམས་དེར་དོགས་ཟོན་དང་འགོག་ཟོན་ནན་པོ་དགོས་པའི་བཀོད་ཁྱབ་བཏང་འདུག 

དེ་ཡང་ཟླ་འདིའི་ཚེས་ ༡༡ ཉིན་ཤེས་རིག་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བརྒྱུད་དེ་བོད་མིའི་སློབ་གྲྭ་ཁག་ལ་དོན་ཚན་ ༦ ཅན་གྱི་བཀོད་ཁྱབ་ཅིག་བསྒྲགས་པའི་ནང་། ཉེ་སྔོན་༧གོང་ས་མཆོག་གིས་ཏོག་དབྱིབས་ནད་ཡམས་ལ་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་སྐོར་གསུངས་པ་བཞིན། “སློབ་གྲྭ་ཁག་ནས་སྔ་དགོང་གཙོ་བོོར་གྱུར་པའི་དུས་ཚོད་སྟོང་པ་ནམ་བྱུང་ལ་སྒྲོལ་མའི་གཟུངས་སྔགས་གང་མང་བཟླ་དགོས་”པ་དང་། གཏན་སློབ་ཁག་གི་སློབ་ཕྲུག་ཚོ་གཟའ་མཇུག་སྐབས་མི་མང་འདུ་འཛོམས་ཆེ་བའི་ཕྱི་རོལ་དུ་མི་གཏོང་བར་སློབ་གྲྭའི་ཁོར་ཡུག་ཏུ་ཉར་དགོས་པ།  གློག་བརྙན་ཁང་དང་། ཚོང་ར།  རླངས་འཁོར་བབས་ཚུགས། གནམ་ཐང་སོགས་སུ་འགྲོ་མི་དགོས་པ་གཙོ་འདོན་བྱ་དགོས་པའི་སྐུལ་མ་བཏང་འདུག 

དེ་མིན་ད་དུང་བཀོད་ཁྱབ་དེའི་ནང་སློབ་གྲྭ་སོ་སོས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)དང་ཆེད་མཁས་མི་སྣ་ཚོའི་ལམ་སྟོན་རྣམས་ལ་དོ་སྣང་སྤྲད་དེ་དགེ་ལས་སློབ་ཕྲུག་ཡོངས་ལ་གོ་རྟོགས་ཡང་ཡང་སྤེལ་དགོས་པ་མ་ཟད། སློབ་ཕྲུག་སུ་འདྲ་ཞིག་ལ་གཟུགས་པོ་མ་བདེ་བ་བྱུང་ན་དུས་ཐོག་ཏུ་སྨན་ཁང་དང་འབྲེལ་ཡོད་ལ་ཡར་ཞུ་དང་། འགོས་ནད་ཕོག་པའི་དོགས་པ་བྱུང་ཚེ་ཁྱབ་ཁོངས་སོ་སོའི་འབྲེལ་ཆགས་ས་གནས་སྨན་ཁང་དུ་ཛ་དྲག་བསྟེན་གཏུགས་བྱེད་པ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་། རྒྱ་གར་དབུས་གཞུང་འཕྲོད་བསྟན་ལྷན་ཁང་གིས་མཚོན་པའི་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ཚད་ལྡན་རྣམས་ཀྱི་དྲ་བར་བཞག་པའི་ལམ་སྟོན་དག་ལག་བསྟར་ནན་པོ་བྱེད་དགོས་པའི་སྐོར་སོགས་བཀོད་འདུག 

གཞན་ཡང་། ཏོབ་དབྱིབས་ནད་ཡམས་རྒྱ་ཁྱབ་འགྲོ་བའི་འཇིགས་སྣང་ལ་བརྟེན་ནས་ཟླ་འདིའི་ཚེས་ ༣ ཉིན་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་འཛིན་རིམ་བརྒྱད་པའི་འོག་གི་སློབ་མ་རྣམས་དུས་ཡུན་ངེས་མེད་ལ་གུང་གསེང་བཏང་བའི་གསལ་བསྒྲགས་སྤེལ་ཡོད་ལ། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱིས་གལ་སྲིད་འཛིན་གྲྭ་འཚོགས་བཞིན་པའི་སྐབས་ནད་ཡམས་དེ་ཁྱབ་པ་ཡིན་ན། སྟངས་འཛིན་བྱེད་མི་ཐུབ་པའི་དཀའ་ངལ་ཆེན་པོ་བཟོ་རྒྱུ་ཡིན་པས། བརྟན་ཆ་རང་གི་ཆེད་མ་འདོད་བཞིན་དུ་ཐག་གཅོད་དེ་བྱས་པ་ཡིན་སྐོར་གསུངས་ཡོད། 

ད་ལྟའི་ཆར་རྒྱ་ནག་ཏུ་ནད་པ་གསར་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནད་ཡམས་ཐོག་མར་ཁྱབ་སའི་ལྟེ་བ་སྟེ། ཝུའུ་ཧན་གྲོང་ཁྱེར་དུ་སླེབས་ནས་ནད་ཡམས་དེ་སྟངས་འཛིན་ཐུབ་པའི་རྣམ་པ་ཞིག་སྟོན་གྱི་ཡོད་ཀྱང་། རྒྱ་ནག་གི་ཕྱི་ལོགས་སུ་ནད་ཡམས་དེ་ཉིན་རེ་ལས་མ་འདས་པར་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་སྟབས། ཕྱི་ལོ་ ༢༠༢༠ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ལྟ་བུའི་འཛམ་གླིང་རང་བཞིན་ཅན་གྱི་བྱེད་སྒོ་དང་རྩེད་འགྲན་འགའ་ཡང་ཕར་འགྱངས་བྱེད་དགོས་ཐུག་པའི་ཉེན་ཁར་འཕྲད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།