ཤོག་དངུལ་བརྗེ་ལེན་དེ་གོ་སྒྲིག་དང་ལྡན་པའི་ཐོག་ནས་ཁྲིམས་མཐུན་གྱི་འཕྲོག་བཅོམ་རེད།

རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིན་གྱིས་རྒྱ་གར་གྱི་གྲོས་ཚོགས་ནང་། ཐེངས་འདིའི་ཤོག་དངུལ་བརྗེ་ལེན་གྱི་སྲིད་ཇུས་དེས་མི་མང་རྡབ་གསིག་བཟོས་པ་དང་། ཕུགས་ལ་ཕན་ཐོགས་མེད་སྐོར་གསུངས་འདུག

15226569_1323906610966538_982362069_nདེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིན་(Manmohan Singh)གྱིས་དེ་རིང་ཞོགས་པར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་ཤོག་དངུལ་ཆིག་སྟོང་ལོར་དང་། ལྔ་བརྒྱ་ལོར་གཉིས་ཀྱི་སྐོར་ལ་གྲོས་བསྡུར་བྱེད་སྐབས་གསུང་དོན་དུ། “དངུལ་ལོར་གསར་རྙིང་བརྗེ་བའི་དམིགས་ཡུལ་ལ་མོས་མཐུན་མེད་པ་མིན་ཡང་། ལག་ལེན་བྱེད་ཕྱོགས་ཐད་དབུས་གཞུང་གིས་ནོར་འཁྲུལ་ཤུགས་ཆེན་ཤོར་སོང་”ཞེས་དང་། “དངུལ་འདོན་འཕྲུལ་ཆས་དང་དངུལ་ཁང་ལ་བང་བསྒྲིགས་ནས། མི་སེར་༦༠ ནས་༦༥ བར་གྱི་ཚེ་སྲོག་ཤོར་ཡོད་རེད། སྲིད་ཇུས་དེར་རྒྱབ་སྐྱོར་བ་ཚོས་དངུལ་ལོར་རྙིང་པ་བེད་མེད་དུ་བཟོས་པ་དེས་ཕུགས་རྒྱང་རིང་པོར་ཁེ་ཕན་ཆེ་བར་རློམ་གྱི་ཡོད་ཀྱང་། དེས་ཕུགས་ལ་ཕན་ཐོགས་ཡོད་མ་རེད། འཛམ་གླིང་གི་རྒྱལ་ཁབ་གང་དུ་ཡང་མི་སེར་ཚོས་དངུལ་ཁང་དུ་དངུལ་བཅོལ་རྗེས་མར་འདོན་མི་ཐུབ་ནས་ལྷག་བསྡད་པ་དེ་འདྲ་བྱུང་ཡོད་མེད་སྲིད་བློན་མོ་དྷི་ལ་བཀའ་འདྲི་ཞུ་འདོད་ཡོད་”ཅེས་གསུངས་ཡོད་འདུག ཡང་ཁོང་གིས་ “ད་ཐེངས་ཀྱི་བྱ་འགུལ་འདི་ནི། གོ་སྒྲིག་དང་ལྡན་པའི་ཐོག་ནས་ཁྲིམས་མཐུན་གྱི་འཕྲོག་བཅོམ་རེད་”ཅེས་དང་ “ངས་ལྷག་བསམ་རྣམ་དག་གི་ངང་ནས་སྲིད་བློན་མཆོག་ལ་རེ་སྐུལ་ཞུ་རྒྱུར་མི་མང་གི་དཀའ་ངལ་སེལ་ཕྱིར་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་འཚོལ་ཐུབ་པ་གནང་རོགས་ཞུ་ཡི་ཡོད་”ཅེས་གསུངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།