ཤྲི་ལང་གའི་དཀའ་ངལ་ནི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཁོ་ན་མིན།
ཟླ་འདིའི་ཚེས་༡༧ཉིན་(WION)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་ཡུལ་དུ་འཛིན་སྐྱོང་བྱེད་མཁན་གྱི་གཞུང་མེད་པ་དང་མི་མང་གིས་ངོས་ལེན་ཡོད་པའི་དབུ་ཁྲིད་མེད་པ། བཟའ་ཆས་ཀྱི་རིགས་དང་སྣུམ་མེད་པ་སོགས་ཀྱི་དཀའ་ངལ་མུ་མཐུད་ནས་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཤྲི་ལང་གའི་ཡུལ་དུ་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་ནས་ད་བར་ཉིན་གྲངས་བརྒྱ་ཕྱིན་ཡོད་པ་དང་། ལོ་འདིའི་སྤྱི་ཟླ་ལྔ་པའི་ནང་དུ་མི་མང་གི་མངོན་འདོད་བཞིན་ཤྲི་ལང་གའི་སྲིད་བློན་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། མི་མང་གིས་ངོ་རྒོལ་དྲགས་པོ་བྱས་པའི་སྟབས་ཀྱིས་ཤྲི་ལང་གའི་སྲིད་འཛིན་གྷོ་དྷ་བྷ་ཡ་ (Gotabaya) ཡང་ཟླ་འདིའི་ཚེས་༡༣ ཉིན་མ་དྷ་(Maldives) ཞེས་པའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་ཕྱིན་པའི་རྗེས། ཟླ་འདིའི་ཚེས་༡༤ ཉིན་ཁོང་ཉིད་ཤྲི་ལང་གའི་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་འདུག་ལ། ཟླ་འདིའི་ཚེས་༡༥ ཉིན་ཝེ་ཁེ་རེ་མེ་སིང་(Wickremesinghe) བར་གནས་སྲིད་འཛིན་དུ་བསྐོས་འདུག་ཀྱང་། ཁོང་བསྐོས་མཁན་ནི་སྲིད་འཛིན་གྷོ་དྷ་བྷ་ཡ་ཡིན་པས་མི་མང་གིས་ཁོང་ལ་ཡང་ངོ་རྒོལ་བྱས་ཡོད་པས། ཟླ་འདིའི་ཚེས་༡༧ དགོང་མོ་ཛ་དྲག་གི་གནས་སྟངས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་ཤྲི་ལང་གའི་ཡུལ་དུ་མི་མང་བརྒྱ་ཆ༧༠% ཡིས་ཉིན་ལྟར་ཟས་ཐུན་གསུམ་ལས་གཉིས་མ་གཏོགས་རག་གི་མེད་པ་དང་། དབུལ་ཕོངས་ཀྱི་མི་རྣམས་ནི་ཉེན་ཁའི་ཚད་དུ་བསླེབས་ཡོད་པ་མ་ཟད། སློབ་མ་ས་ཡ་༤.༨ ལྷག་སློབ་གྲྭ་ནས་ཕྱི་འཐེན་ཟིན་ཡོད་འདུག དེ་བཞིན་མི་མང་ས་ཡ་༣ ལྷག་ལ་འཚོ་གནས་ཀྱི་རོགས་སྐྱོར་དགོས་ཀྱི་ཡོད་པ་དང་། ད་བར་མི་མང་འབུམ་བཞི་ལྷག་གི་ལས་ཀ་ཤོར་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག
ཤྲི་ལང་གའི་དཀའ་ངལ་དེ་ནི་ཆབ་སྲིད་ཙམ་མ་ཡིན་པ། དཔལ་འབྱོར། སྤྱི་ཚོགས་གཏན་ལྷིང་སོགས་ཕྱོགས་མང་པོའི་ཐོག་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག་པས། ཆབ་སྲིད་ཀྱི་ཐོག་ནས་ཟླ་འདིའི་ཚེས་༢༠ ཉིན་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་དག་ལྷན་འཛོམས་ཀྱིས་གཞུང་འཛིན་སྐྱོང་བྱེད་མཁན་གྱི་སྲིད་འཛིན་ཞིག་འདེམས་འཆར་ཡོད་ཀྱང་། ཤྲི་ལང་གའི་གྲོས་ཚོགས་སུ་རྐུབ་སྟེགས་ཁྱོན་བསྡོམས་༢༢༥ ཡོད་པའི་ཁྲོད་ནས་༡༡༤ ནི་སྲིད་འཛིན་གྷོ་དྷ་བྷ་ཡའི་ཕྱོགས་གཏོགས་ཀྱི་ཡིན་པས། མ་འོངས་པའི་སྲིད་འཛིན་དེ་ཡང་ཁོང་གི་ཆབ་སྲིད་ཚོགས་པའི་ཚོགས་མི་ཞིག་ཡོང་སྲིད་པ་དང་། དེ་ལ་མི་མང་གིས་ངོས་ལེན་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་ཐོག་ལ་བསམ་ཚུལ་བརྗོད་བཞིན་འདུག
དཔལ་འབྱོར་གྱི་གནས་སྟངས་ནི་ད་ལྟའི་ཆར་ཨ་སྒོར་ཐེ་འབུམ་༥༡ བུ་ལོན་དགོས་པ་དང་། ཡུལ་དུ་བཟའ་ཆས་ཀྱི་རིན་གོང་བརྒྱ་ཆ་༦༠% འཕར་ཡོད་འདུག་ལ། ཡུལ་གྱི་འཛའ་ཆག་པའི་རྒྱུ་མཚན་གྱིས་ཨ་སྒོར་གཅིག་ལ་ཤྲི་ལང་གའི་ཡུལ་སྒོར་༣༦༡ ཟིན་ཡོད་པའི་གནས་ཚུལ་ཐོན་འདུག
དེར་བརྟེན་ཤྲི་ལང་གའི་སྲིད་གཞུང་གསར་པས་དཔལ་འབྱོར་གྱི་ལམ་ལུགས་གསར་པ་ཞིག་ངོ་སྤྲོད་ཀྱིས་བུ་ལོན་ཇེ་ཉུང་དུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་ནང་དུ་ཡོང་བཞིན་པའི་མི་མང་གི་ཟིང་འཁྲུག་དག་ཞི་འཇམ་དུ་གཏོང་དགོས་པ་སོགས་གདོང་ལེན་བྱེད་དགོས་པའི་དཀའ་རྙོག་དུ་མ་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།