ཤྲི་ལང་གའི་སྲིད་འཛིན་སིང་ཀར་པུ་ལ་བྲོས་འདུག

ཟླ་འདིའི་ཚེས་༡༤ཉིན་Business Line ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།ཤྲི་ལང་གའི་མི་མང་སྟོང་ཕྲག་མང་པོས་སྲིད་འཛིན་གྷོ་དྷ་བྷ་ཡ་(Gotabaya)སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་ངོ་རྒོལ་ཤུགས་ཆེན་བྱེད་པར་བརྟེན། ཁོང་དང་ཁོང་ཉིད་ཀྱི་གཟའ་ཟླ་གཙོས་པའི་བདེ་སྲུང་མི་སྣ་གཉིས་བཅས་དམག་སྤྱོད་གནམ་གྲུ་ལ་བསྡད་ནས་ས་གནས་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་པ་བྱུང་ཡོད་འདུག་ལ། ཟླ་འདིའི་ཚེས་༡༣ཉིན་ཁོང་ཉིད་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་རབས་བརྗོད་ཡོད་ཀྱང་དགོངས་ཤོག་གི་ཡི་གེ་ད་དུང་ཡང་གྲོས་ཚོགས་ཀྱི་ཚོགས་གཙོ་ལག་ཏུ་འབྱོར་མེད་པའི་གནས་ཚུལ་ཐོན་འདུག་ལ། དེ་བཞིན་མི་མང་ལས་འགུལ་བ་རྣམས་ཀྱིས་ཀྱང་སྲིད་འཛིན་གྱི་སྡོད་གནས་དང་སྲིད་བློན་གྱི་ལས་ཁུངས་སོགས་གཞུང་གི་སྡོད་གནས་མང་པོ་ཞིག་མུ་མཐུད་ནས་བདག་བཟུང་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དགུང་ལོ་༧༣་ལ་སོན་པའི་ཤྲི་ལང་གའི་སྲིད་འཛིན་ནི་མྰ་དྷ་(Maldives)ཞེས་པའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འབྱོར་ཡོད་པ་དང་དེ་རིང་ཚེས་༡༤ཉིན་ཁོང་ཉིད་རྒྱལ་ཁབ་དེ་ནས་སིང་ཀར་པུ་(Singapore)ལ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཤྲི་ལང་གའི་སྲིད་འཛིན་རྒྱལ་ཁབ་གཞན་དུ་གྲོལ་རྗེས་ཤྲི་ལང་གའི་སྲིད་བློན་རྰ་ནི་( Ranil Wickremesinghe)ནི་སྲིད་འཛིན་གྱི་ལས་ཚབ་ཏུ་བསྐོས་བཞག་བྱེད་ཡོད་ཀྱང་།མི་མང་ཚོ་འདོད་བློ་མ་ཁེངས་པ་ཁོང་ཉིད་བསྐོས་བཞག་བྱས་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་ཁོང་ཡང་ལས་གནས་ནས་དགོངས་པ་ཞུ་དགོས་པ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།

Share this:

Leave a Reply