ཤྲིལངྒ་ནས་དྲྭ་ཐོག་གཡོ་ཟ་བྱེད་མཁན་རྒྱ་མི་༢༣༠ ཙམ་འཛིན་བཟུང་བྱས་འདུག
ཟླ་འདིའི་ཚེས་༡༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲིལངྒ་ནང་དྲྭ་ཐོག་གཡོ་ཟ་(Scammer) ་བྱེད་མཁན་ནམ་དྲང་བདེན་མ་ཡིན་པར་གཡོ་ཐབས་ཀྱི་ལས་ཀ་བྱེད་མཁན་རྒྱ་མི་ཉིས་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་འདུག
ཉེ་བའི་ལོ་ཤས་ནས་བཟུང་། ཤྲིལངྒ་ནང་དྲྭ་ཐོག་གཡོ་ཟ་(Scam) ་བྱེད་མཁན་དང་དྲྭ་ལམ་ཉེས་སྤྱོད་(Cyber Crime) ་ཅེས་པའི་ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་ལྟར། ཉེ་བའི་བདུན་ཕྲག་གཉིས་ཀྱི་ནང་ས་ཁུལ་འདྲ་མིན་ནས་ལོ་ན་༢༢་ནས་༤༩ བར་གྱི་དྲྭ་ལམ་ཉེས་སྤྱོད་སྤེལ་མཁན་རྒྱ་མི་༢༣༠ ་འཛིན་བཟུང་བྱས་ཡོད་འདུག རྒྱ་མི་དེ་དག་ཡུལ་སྐོར་སྤྲོ་འཆམ་དང་གནས་སྐོར་གྱི་མིང་ཐོག་ནས་ཡུལ་དེར་བསླེབས་ཤིང་། མཐོང་མཆན་གྱི་དུས་ཡུན་རྫོགས་ན་ཡང་། ཤྲིལང་གར་བསྡད་ནས་དྲྭ་ལམ་ཉེས་སྤྱོད་ཀྱི་ཁྲིམས་འགལ་གྱི་ལས་ཀ་བྱེད་བཞིན་ཡོད་འདུག
ཤྲིལང་གའི་ཕྱི་སྲིད་བློན་ཆེན་ཝི་ཇི་ཐེ་(Vijitha) ་ཡིས་འདས་པའི་བདུན་ཕྲག་གཅིག་གི་རིང་། ཉེན་རྟོག་པས་དྲྭ་ལམ་ཉེས་སྤྱོད་སྤེལ་མཁན་དག་གི་སྡོད་ས་སོགས་ལ་ཞིབ་བཤེར་བྱས་ནས་གློག་ཀླད་༢༥༠ དང་ལག་ཐོག་ཁ་པར་༥༠༠ ཙམ་ལག་སོན་བྱུང་ཡོད་པ་དང་། དྲྭ་ལམ་ཉེས་སྤྱོད་པ་དག་གིས་དངུལ་འབོར་ཇི་ཙམ་བརྐུས་ཡོད་མེད་ད་དུང་ཞིབ་འཇུག་བྱེད་བཞིན་ཡོད་པར་བརྗོད་འདུག
རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཤྲིལང་གའི་ས་ཆའི་གནས་བབ་དང་། རྒྱ་ནག་དང་འབྲེལ་ལམ་བཟང་པོ་ཡོད་པ། དེ་བཞིན་མང་ཚོགས་ནང་དྲྭ་ཐོག་གཡོ་ཟ་(Scam) ་ཡི་སྐོར་གོ་རྟོགས་ཞན་པར་བརྟེན། རྒྱ་ནག་ནང་གི་གཡོ་ཟའི་ལས་ཀ་བྱེད་མཁན་སྡེ་ཚན་འགའ་ཡུལ་དེར་སྤོས་ནས་རྒྱ་ནག་དང་རྒྱ་ནག་གི་ཕྱི་ལོགས་སུ་ཡོད་པའི་རྒྱ་མི་ཚོ་ལ་བསླུ་བྲིད་དང་གཡོ་ཟའི་ལས་ཀ་མུ་མཐུད་སྤེལ་བཞིན་པར་བརྗོད་འདུག
གཞན་ཡང་། (Tamil Guardian) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༦ པའི་ནང་དྲྭ་ལམ་ཉེས་སྤྱོད་པ་འཛིན་བཟུང་ཐོག་མ་དེ་བྱས་ཡོད་པ་དང་། དེ་ནས་ཕྱི་ཟླ་༨ ་པའི་ནང་དྲྭ་ལམ་ཉེས་སྤྱོད་སྤེལ་བའི་གནས་ཚུལ་བྱུང་ནས་སྲིད་གཞུང་གིས་མི་གྲངས་༨༤ འཛིན་བཟུང་བྱས་ཡོད་པ་དང་། དྲྭ་ཐོག་ནས་མགོ་སྐོར་གཏོང་མཁན་མང་ཆེ་བ་རྒྱ་མི་དང་རྒྱ་གར་བ་ཆགས་ཡོད་འདུག ཁོང་ཚོས་ཡུལ་དེར་ཡོད་པའི་མི་སེར་དཀྱུས་མ་དང་རྒས་འཁོགས་ཚོ་མགོ་སྐོར་བཏང་ཡོད་པར་བརྗོད་འདུག
ཨ་རིའི་ཞི་བདེ་ལྟེ་གནས་ཁང་གིས་ཉེ་ཆར་གྱི་ཞིབ་འཇུག་ཅིག་གིས་ཤེས་རྟོགས་བྱུང་བ་ལྟར་ན། ཤར་ལྷོ་ཨེ་ཤ་ཡར་རྟེན་གཞི་བྱས་པའི་ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་གྱི་ཚོགས་པའི་ཁོངས་སུ་རྒྱ་རིགས་མི་སྣས་ཆ་ཤས་ཆེན་པོ་བཟུང་ཡོད་པ་དང་། ཕྱི་ལོ་༢༠༢༣ ་ལོའི་མཇུག་ཏུ་གཡོ་ཟ་བྱེད་མཁན་(Scammers) ་ཚོས་ཨ་སྒོར་ཐེར་འབུམ་༦༤ ་བསྡུ་ལེན་བྱས་ཡོད་པ་ལྟེ་གནས་ཁང་གིས་ཚོད་དཔག་བྱས་ཡོད་འདུག
ད་ལྟའི་ཆར་གཡོ་ཟ་བྱེད་མཁན་གྱི་ཚོགས་པ་མང་པོ་ཞིག་འབར་མ་དང་། ཀམ་བྷོ་ཌི་ཡ། ལའོ་སི་བཅས་སུ་རྟེན་གཞི་བྱས་ནས་འཛམ་གླིང་ཡོངས་ལ་དམིགས་པའི་དངུལ་རྫུན་མ་བཟོ་བ་དང་དྲྭ་ཐོག་ལ་རྒྱན་རྩེད་(Gambling) དང་མི་མང་བསླུ་བྲིད། གཡོ་ཟ་སོགས་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།