ས་ག་ཟླ་བ་དཀར་ཟས་ཟླ་བ་ཡིན་འོས་ཚུལ།

རྫ་ཚེ་རིང་བཀྲ་ཤིས།

འཛམ་གླིང་ཡུལ་གྲུ་ངེས་མེད་དུ་བཞུགས་པའི་བོད་སྐད་སྨྲ་བ་ཚང་མ་ལ་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་བཀྲ་ཤིས་བདེ་ལེགས་ཞུ། མཁྱེན་གསལ་ལྟར། སང་ཉིན་ནས་ས་ག་ཟླ་བའི་ཚེས་བཅིག་རེད། ས་ག་ཟླ་བ་ནི་འཛམ་གླིང་ཡོངས་རྫོགས་ཀྱིས་ཕལ་ཆེར་གཅིག་མཐུན་དུ་ངོས་འཛིན་ཡོད་པའི་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པའི་ཟླ་བ་རེད།

ད་ལོ་ཟླ་ལྷག་གི་དབང་གིས་བོད་ལུགས་ཀྱི་ས་ག་ཟླ་བ་དེ་འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་པ་ལས་ཟླ་བ་གཅིག་གི་སྔ་རྗེས་བྱུང་ཡོད་མོད། གང་ལྟར་ཟླ་བ་འདི་ནི་གནའ་ནས་ད་བར་རང་རེ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོས་ཧ་ཅང་གལ་ཆེན་དུ་བརྩི་བའི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་ཀྱི་ཟླ་བ་རེད། ལོ་གཅིག་ལ་འདི་ལས་གལ་ཆེ་བའི་དུས་ཆེན་ཞིག་ནང་པ་སངས་རྒྱས་པ་ལ་མེད་པ་ལྟ་བུ་རེད། དུས་ཆེན་འདི་ལ་སྤྱི་སྒེར་སོ་སོའི་ངོས་ནས་སྟོན་པའི་འཁྲུངས་སྐར་དེ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་རྒྱ་ཆེན་པོ་ཡོད་ངེས་རེད།

ཡིན་ན་ཡང་། འདིར་དམིགས་བསལ་ཞུ་རྒྱུ་ཞིག་ལ། ང་ཚོས་ས་ག་ཟླ་བ་འདི་དཀར་ཟས་ཟླ་བ་ཞིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་ཡག་པོ་འདུག སྐད་ཆ་འདི་ངས་ལོ་མང་པོ་སྔོན་ནས་ཀྱང་ཞུ་མྱོང་ཡོད། དེ་ཡང་སྤྱིར་བཏང་ཚང་མས་ས་ག་ཟླ་བ་ལ་སྲོག་བླུ་མང་པོ་བྱེད་བཞིན་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་དེང་སང་སྲོག་བླུ་བྱེད་སྐབས་གཟབ་གཟབ་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད། བོད་པའི་ས་ག་ཟླ་བའི་སྲོག་བླུའི་དུས་ཆེན་ལ་དམིགས་ནས་ཆུ་གནས་སོགས་མང་པོ་བོད་ཁུལ་དུ་ཆེད་དུ་སྐྱེལ་འདྲེན་བྱེད་པ་སོགས་ཤན་པ་དག་གིས་ཚོང་གི་ལག་ཆར་བེད་སྤྱོད་གཏོང་བའི་སྣང་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད་འདུག

དེའི་རིགས་ལ་དོགས་ཟོན་དགོས།

དེ་བཞིན་དམར་ཟས་ཟ་མཁན་ལ་དམིགས་བསལ་དགག་པ་རྒྱག་དགོས་དོན་གང་ཡང་མེད་ན་ཡང་། དཀར་ཟས་འབོད་སྐུལ་བྱེད་པ་ཙམ་གྱི་ཐོབ་ཐང་ནི་སུ་ལའང་ཡོད་ངེས། སྤྱིར་བཏང་ཁྱེད་རང་སྒེར་ངོས་ནས་དམར་ཟས་བཞེས་མཁན་ཞིག་ཡིན་ཡང་། ས་ག་ཟླ་བ་འདིར་ཤ་མ་བཞེས་ན་ཡག་པོ་རེད། ང་ལ་མཚོན་ན། ཤ་ཟོས་དང་མ་ཟོས་ཟེར་བ་དེ་ནང་པ་ཡིན་མིན་གྱི་ཚད་གཞི་རེད་ཅེས་སྐད་ཆ་སྦོམ་པོ་དེ་འདྲ་བཤད་འདོད་མེད། ཡིན་ན་ཡང་། སྤྱིར་ནང་པ་དང་ཁྱད་པར་དུ་ཐེག་པ་ཆེན་པོ་པ་ཞིག་ཡིན་ན་དཀར་ཟས་གསོལ་ན་ཡག་པོ་ཡོད་པ་བརྒྱ་ཆ་བརྒྱ་རེད། དེ་ཡང་ཀུན་སློང་གི་ཆ་ནས་བསམ་ན་ང་ལ་སྡིག་པ་ཡོང་གི་རེད་སྙམ་ནས་ཤ་མ་ཟོས་ན་དགེ་བ་ཆེ་ཤོས་ཆགས་ཀྱི་མ་རེད།

དེ་བས་ངས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ཟླ་བ་འདིར་སྟོན་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་གཞན་གྱི་ཚེ་སྲོག་ལ་བརྩི་འཇོག་གི་ཆེད་དུ་ཤ་མི་ཟ་བ་ཁས་ལེན་གྱི་ཡིན་སྙམ་ན་དེ་འདྲའི་དགེ་བ་དེ་ཧ་ཅང་རླབས་ཆེན་ཞིག་ཆགས་ཟིན་པ་རེད། སངས་རྒྱས་ཀྱི་དགོངས་པ་ངོ་མ་ཡང་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་ནང་དུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །གསུངས་པའི་རྒྱུ་མཚན་ཡང་། །གཞན་གྱི་བདེ་སྡུག་ལ་སེམས་ཁུར་དགོས་པ་དང་། ཚེ་སྲོག་ཚང་མ་འདྲ་མཉམ་ཡིན་པའི་ལྟ་བ་གསུངས་བཞིན་ཡོད་རེད། ཤ་ཟོས་ན་སྡིག་པ་ཡོད་མེད་རྩོད་རྒྱུ་མཚམས་ཞོག་ལ། ཚེ་སྲོག་འདྲ་མཉམ་གྱི་ལྟ་གྲུབ་ལ་ཉམས་ལེན་བྱས་ན་སངས་རྒྱས་ཐུགས་མཉེས་ངེས་ཡིན་པ་དང་། དེ་ནི་ཁོང་གི་ཆེས་རླབས་ཆེན་གྱི་ལྟ་གྲུབ་དེ་ཡིད་ཆེས་བྱེེད་པ་མ་ཟད། དཀར་ཟས་ཟ་བ་དེ་སངས་རྒྱས་ཀྱི་ཚེ་སྲོག་འདྲ་མཉམ་གྱི་རླབས་ཆེན་གྱི་ལྟ་གྲུབ་དེ་ལ་ཡིད་ཆེས་བྱེད་སྟངས་ཤིག་ཡིན་བསམས་པ་ཡིན་ན་དེས་འགྲིག་བསྡད་ཡོད་རེད། ལར་ནས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་བསྟན་པ་གཅིག་ལ་སྟོན་པ་གཅིག་ལས་མེད་པས། ངེས་པར་དུ་སྟོན་པའི་བཀའ་དྲིན་དྲན་པའི་ཆེད་དུ་འཛམ་གླིང་གི་ཆོས་ལུགས་གཞན་ཚོས་རང་རང་གི་སྟོན་པའི་འཁྲུངས་སྐར་རྩ་ཆེན་དུ་བརྩི་བ་ལྟར་ང་ཚོས་ཀྱང་རྩ་ཆེན་དུ་བརྩི་དགོས།

མདོར་ན། ས་ག་ཟླ་བ་དཀར་ཟས་ཅན་དུ་བསྒྱུར་ནས་ལོ་གཅིག་གི་ནང་གིས་ས་ག་ཟླ་བ་འདི་དཀར་ཟས་ཟླ་བ་ཞེས་པ་ཞིག་ཏུ་བསྒྱུར་ཐུབ་ན་དེའི་དོན་སྙིང་ནི་མི་སྒེར་བ་ཞིག་གིས་ཤ་ཟོས་མ་ཟོས་ཀྱི་ཕན་གནོད་ཀྱི་དོན་དག་ཅིག་མིན། དེ་ནི་ནང་པ་སངས་རྒྱས་པ་ཡོངས་ཀྱིས་རླབས་ཆེན་གྱི་ཚེ་སྲོག་འདྲ་མཉམ་དང་བདག་གཞན་མཉམ རྗེ་ཡི་ལྟ་གྲུབ་སྨྲ་བའི་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་ལ་གདེངས་འཇོག་དང་ངོས་འཛིན་བྱེད་ཚུལ་ཞིག་ཡིན། དོན་དག་འདི་ཚང་མས་ཐུགས་ལ་འཛིན་དགོས། དེ་ནི་གུས་པས་སེམས་གཏིང་གི་རེ་བའང་ཡིན།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་ས་ག་ཟླ་བའི་སྔ་ནུབ་སྟེ་སྤྱི་ལོ་༢༠༡༩ཟླ་༦ཚེས་༣ཕྱི་དྲོ་འཕྲལ་བྲིས།