ས་ག་ཟླ་བར་བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་ཟེར།
ཟླ་༥ པའི་ཚེས་༡༤ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་གྲོང་ཁྱེར་གྱི་བྱིས་གསོ་ཁང་གཉིས་པ་ཟེར་བས། བུ་ཕྲུག་གི་ཕ་མ་རྣམས་ལ་ཡིག་ཆ་ཞིག་བརྒྱུད་བསྒྲགས་བྱས་ནས། ས་ག་ཟླ་བའི་ནང་བྱིས་པ་རྣམས་དང་། བྱིས་པའི་ཕ་མ་རྣམས་ཆོས་ཀྱི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་ཅེས་བཀའ་བཏང་ཡོད་པ་རེད་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་སོན་བྱུང་བ་ལྟར་ན། རྒྱ་དམར་གཞུང་གིས་བོད་ཀྱི་བུ་ཕྲུག་ན་གཞོན་རྣམས་ལ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་དམ་དྲག་སྣ་ཚོགས་བྱེད་བཞིན་ཡོད་འདུག་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་དབང་ཡོད་སྐོར་འཁོད་ཡོད་ཀྱང་། དོན་དུ་དེ་ལས་ལྡོག་ནས་ཕྱོགས་གང་ཐད་ནས་དམ་དྲག་བྱེད་བཞིན་ཡོད་འདུག ཕྱི་ཟླ་༥ ཚེས་༡༤ ཉིན་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པས་སྤེལ་བའི་བསྒྲགས་ཡིག་ནང་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་སློབ་གསོ་ཨུ་ལྷན་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སློབ་གསོ་ཅུས་ཟེར་བའི་བཀའ་ཡིག་གཞིར་བཟུང་ནས་སྤེལ་བ་ཞིག་ཡིན་འདུག
དེ་ཡང་བསྒྲགས་ཡིག་དངོས་ནང་། “ཁྱིམ་བདག་ལ་བསྒྲགས་པའི་ཡི་གེ རྒྱ་ཆེ་(ཆེའི་)ཁྱིམ་བདག་རྣམ་པ། བོད་ཟླ་བཞི་པ་ས་ག་ཟླ་བ་ཟིན་སྐབས། བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱི་བཀོད་པའི་ཡིག་ཆ་གཞི་འཛིན་(བཟུང་)ནས། ཡིག་ཆ་(ཆའི་)ནང་དོན་རྒྱ་ཆེ་(ཆེའི་)ཁྱིམ་བདག་རྣམ་པ་(པར་)བརྒྱུད་བསྒྲགས་བཏང་རྒྱུ་(རྒྱུའི་) ནང་དོན་གཤམ་གསལ། ༡ བྱིས་པ་རྣམས་བསམ་བློ་སློབ་གསོ་སྐུལ་འདེད་གཏོང་ཆེད་བྱིས་ཕྲུག་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ཁྲིད་མི་ཆོག། ༢ ཁྱིམ་བདག་བྱིས་པའི་ལྟ་སྐྱོང་མཁན་ཡིན་པའི་ཆེད། ཁྱིམ་བདག་ཡང་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་འགྲོ་མི་ཆོག། ༣ གོང་རིམ་སྡེ་ཁག་གིས་ལྐོག་ལ་ལྟ་སྐུལ་བྱས་ནས་སྒྲིག་སྲོལ་འགལ་མཁན་ལ་ཐག་གཅོད་བྱེད་རྒྱུ། ༤ སློབ་གྲྭའི་ཉིན་རེ་བཞིན་ཕྲུ་གུ་ལས་ཆད་རྗེས་འདེད་བྱས་ནས། ལྐོག་ལ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ཁྲིད་པ་ཧ་གོ་ན་ཐད་ཀར་གྲོང་ཁྱེར་སློབ་གསོ་ཅུས་ལ་རྩིས་སྤྲད་རྒྱུ། ༥ རྒྱ་ཆེ་ཁྱིམ་བདག་རྣམ་པ་ཕྲུ་གུ་བདེ་འཇགས་དོ་དམ་བྱེད་པར་རྒྱུད་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་གནང་རོགས། ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་གཉིས་པ།”ཞེས་འཁོད་འདུག ཡིག་ཆ་འདི་ཉིད་བྱིས་གསོ་ཁང་ཙམ་གྱི་ཁྱབ་བསྒྲགས་ཙམ་མ་ཡིན་པར། བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཁྱོན་ཡོངས་ལ་བཀྲམ་པའི་བཀའ་རྒྱ་ཞིག་ཡིན་འདུག་པ་དང་། འདི་ལ་བརྟེན་ནས་མི་རིགས་དབྱེ་འབྱེད་དང་། རིག་གནས་གཏོར་བཤིག ལྷག་པར་དད་ལྡན་མི་མང་གི་ཆོས་དད་རང་དབང་ལ་དངོས་སུ་བརྡལ་བཤིག་བཏང་བ་ཞིག་ཏུ་གྱུར་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།