ས་མཚམས་རྩོད་རྙོག་གིས་རྒྱ་གར་རྒྱ་ནག་གི་ཁ་གཏད་ཆེ་ཤོས་རྣམས་དང་ཉེ་རུ་གཏོང་སྲིད།
ཇམ་སི-གྷ་རི་ཧྥི་(James Griffiths)ཡིས་བརྩམས།
དཀོན་མཆོག་རབ་བརྟན་གྱིས་བསྒྱུར།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དེ་རྟག་ཏུ་རྙོག་འཛིང་ཅན་ཞིག་ཡིན་ཏེ། དབྱིན་ཇིའི་མི་སེར་སྤེལ་བའི་དུས་སྐབས་ལ། རྒྱ་གར་ནི་ཕྱི་རྒྱལ་གྱི་ཚོང་པ་རྣམས་ཀྱིས་རྒྱ་ནག་གི་ཁྲོམ་རར་དྲངས་པའི་ཉལ་ཐའི་འབྱུང་ཁུངས་ཡིན་ཞིང་། དེ་ལ་བརྟེན་ནས་དབྱིན་ཇི་དང་ཆིང་བཙན་རྒྱལ་གཉིས་ཀྱི་བར་དུ་དམག་འཁྲུག་བྱུང་ནས་མཇུག་མཐར་རྒྱ་ནག་ལ་ངོ་ཚ་ཆེན་པོ་ཉོས་ཡོད། དེ་ནས་རང་བཙན་ཐོབ་པ་ནས་བཟུང་། རྒྱ་གར་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཀྱི་འབྲེལ་ལམ་དེ་བོད་དང་། མ་ཀི་སི་ཐན། དེ་བཞིན་ཧི་མ་ལ་ཡའི་ས་མཚམས་ལྟ་བུའི་གནད་དོན་རྣམས་ཀྱིས་ཡང་ནས་བསྐྱར་དུ་ལྟ་ཚོད་བྱེད་ཀྱི་ཡོད།
བདུན་ཕྲག་འདིའི་ནང་། འདས་པའི་ལོ་ངོ་༤༠ ནང་གི་དྲག་པོའི་འཁྲུག་འཛིང་ཆེ་ཤོས་དེ་ཤོར་ནས་ས་མཚམས་ཀྱི་རྩོད་རྙོག་དེ་ཤུགས་ཆེ་རུ་བཏང་ཡོད་པ་དང་། གྲང་ངར་ཆེ་ཞིང་འཚོ་རླུང་ཞན་པའི་རི་སྒང་དུ་ཁུ་ཚུར་དང་དབྱུག་པའི་འཛིང་མོ་དྲག་པོ་བྱུང་བའི་རྗེས། རྒྱ་གར་གྱི་དམག་མི་ ༢༠ རྐྱེན་ལམ་དུ་ཕྱིན་ཡོད།
ད་ལྟ་སྲིད་གཞུང་གཉིས་ཀས་གནས་ཚུལ་ཞི་འཇགས་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ན་ཡང་། རྩོད་རྙོག་དེས་ལྡི་ལི་གསར་པའི་གཞུང་ལ་པེ་ཅིང་དང་རྒྱང་བཀྱེད་དེ་རྒྱ་ནག་གི་ཁ་གཏད་རྙིང་པ་ཨ་རི་དང་ཉི་ཧོང་། དེ་བཞིན་གསར་པ་ཨོ་སི་ཁྲུ་ལི་ཡ་བཅས་ལ་ཁ་ཕྱོགས་པའི་རྒྱུ་མཚན་མཐའ་མ་དེ་མཁོ་སྤྲོད་བྱེད་ཐུབ། རྒྱ་གར་བ་མང་པོ་ཞིག་གིས་རྒྱ་ནག་གི་བཙན་འཛུལ་དུ་མཐོང་བ་དེ་ལ་རྒྱ་གར་གཞུང་ནས་ཁ་གཏད་གཅོག་པའི་འབད་བརྩོན་བྱེད་སྐབས། རྒྱ་གར་གྱིས་མཐུན་གྲོགས་རྒྱལ་ཁབ་འདི་དག་ལ་སྔར་བས་ཤུགས་ཆེར་རྟེན་དགོས།
རྒྱ་གར་གྱི་སྲིད་བློན་མོ་དྷིས་རེས་གཟའ་ལྷག་པའི་ཉིན་སྤེལ་བའི་གསུང་བཤད་ནང་། ཁོང་གིས་“ང་ཚོའི་དམག་མི་རྣམས་ཀྱི་བློས་གཏོང་དེ་སྟོང་ཟད་དུ་འགྲོ་མི་སྲིད། ང་ཚོར་མཚོན་ན། རྒྱ་གར་གྱི་བདག་དབང་དང་ཆེ་མཐོང་ནི་བླ་ན་མེད་པ་ཞིག་ཡིན་ཞིང་། ང་ཚོས་དེ་བདག་སྲུང་བྱེད་པར་སུ་གཅིག་གིས་བཀག་འགོག་ཐུབ་ཀྱི་མ་རེད། དེར་སུ་གཅིག་གིས་དོགས་པ་ཏིལ་འབྲུ་ཙམ་བྱེད་མི་དགོས། རྒྱ་གར་གྱིས་ཞི་བདེ་འདོད་ཀྱང་། འཁྲུག་རྐྱེན་བསླངས་ན། འོས་འཚམ་གྱི་ཡ་ལན་ཞིག་སྤྲོད་ངེས་ཡིན་”ཞེས་བཤད་ཡོད།
ད་ལྟའི་གཞུང་འཛིན་ཚོགས་པའི་ཁ་གཏད་ཀྱི་ཆབ་སྲིད་ཚོགས་པ་གཙོ་བོ་སྟེ། ཁང་གྷ་རེ་སི་(Congress) ཡི་འགོ་ཁྲིད་རཱ་ཧུལ-གྷན་དྷེ་(Rahul Gandhi) ཡིས་“རྒྱ་ནག་གིས་ང་ཚོའི་དམག་མི་གསོད་ཕོད་པ་པེ་རེད། ཁོ་ཚོས་ང་ཚོའི་ས་ཆ་འཕྲོག་ཕོད་པ་པེ་རེད་”ཅེས་སྲིད་བློན་ལས་ངར་ཤུགས་ཆེ་བ་བཤད་ཡོད།
རྒྱ་ནག་གི་མཐའ་སྐོར་བ།
ཧིན་དྷུའི་དུས་བབ་(Hindustan Times) ཀྱི་གཟའ་ལྷག་པའི་རྩོམ་སྒྲིག་པའི་གཏམ་གྱི་ནང་ལ། ཚགས་ཤོག་དེས་“རྒྱ་ནག་གིས་རྒྱ་གར་གྱི་སྟོབས་ཤུགས་དང་དམིགས་ཡུལ་ལ་ཚད་བཀག་བཟོ་འདོད་པ་དང་། རྒྱ་གར་གཞུང་ལ་ཨེ་ཤི་ཡ་དང་ཡུལ་གྲུ་གཞན་དུ་པེ་ཅིང་གིས་གོ་ས་ཟིན་ཡོད་པ་ཁས་ལེན་བྱེད་དུ་འཇུག་འདོད་”ཅེས་བཤད་རྗེས། དེའི་ཡ་ལན་དུ་ལྡི་ལི་གསར་པའི་སྲིད་གཞུང་ནས་“ཨ་རི་དང་མཉམ་འབྲེལ་བྱེད་པའི་ཐོག་ལ་ནུས་ཤུགས་འཕར་མ་འདོན་པ་དང་། མཐུན་ཕྱོགས་རྒྱལ་ཁབ་བཞི་(Quad) ཡི་མཉམ་འབྲེལ་ལས་ཀ་སྲ་བརྟན་གཏོང་བ། རྒྱ་ནག་གི་སྟོབས་ཤུགས་བཀག་འགོག་བྱེད་མཁན་གྱི་མཐུན་ཚོགས་གང་ཡིན་ནང་ཆ་ཤས་ལེན་པ་”སོགས་བྱེད་དགོས་པའི་སྐུལ་མ་བཏང་ཡོད།
མཐུན་ཕྱོགས་རྒྱལ་ཁབ་བཞིའི་བདེ་འཇགས་གྲོས་མོལ་(The Quad Security Dialogue) ནི་ཨ་རི་དང་། ཉི་ཧོང་། ཨོ་སི་ཁྲུ་ལི་ཡ། རྒྱ་གར་བཅས་ཀྱི་གཞུང་འབྲེལ་མ་ཡིན་པའི་སྲིད་བྱུས་ཀྱི་སྡིངས་ཆ་ཞིག་ཡིན་ཞིང་། དེའི་ནང་དུས་ཚོད་ངེས་མེད་ཀྱི་ཚོགས་འདུ་སྐོང་འཚོགས་དང་། གནས་ཚུལ་དང་དམག་སྦྱོང་བརྗེ་རེས་སོགས་བྱེེད་ཀྱི་ཡོད། ད་ལྟའི་ཆར་དེ་ནི་དངོས་སུ་ནེ་ཋོ་(NATO) ལྟ་བུའི་དམག་གི་མཐུན་ཚོགས་ཤིག་ཆགས་མེད་ན་ཡང་། དཔྱད་ཞིབ་པ་འགའ་ཤས་ཀྱིས་དེ་ལ་ཨེ་ཤི་ཡའི་ནང་རྒྱ་ཁབ་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་བཙན་ཤེད་དང་དབང་ཤུགས་ལ་གདོང་ལེན་བྱེད་པའི་ནུས་པ་ལྡན་པ་མཐོང་གི་ཡོད།
ཚོགས་མི་རྒྱལ་ཁབ་བཞི་པོས་བཟང་ཕྱོགས་ཀྱི་འབྲེལ་ལམ་ཐོག་ཏུ་ནུས་ཤུགས་གཙོ་བོ་འདོན་གྱི་ཡོད་(དཔེར་ན། ཉེ་བའི་ཆར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཐོག་མཉམ་ལས་བྱེད་པ་ལྟ་བུ་)ན་ཡང་། རྒྱལ་ཁབ་དེ་དག་གིས་དམག་འབྲེལ་བཙུགས་ནས་རྒྱ་ནག་གི་མཐའ་སྐོར་སྲིད་པ་དེ་པེ་ཅིང་གིས་དོ་སྣང་མ་བྱུང་བར་ལྷག་མེད་དེ། ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཁབ་བཞིའི་འདུ་འཛོམས་ཐོག་མ་དེ་དག་གྲོས་འདོན་བྱས་མ་ཐག་ནས་རྒྱ་ནག་གིས་འབྲེལ་ཡོད་རྒྱལ་ཁབ་དེ་དག་ལ་གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱས་པ་དང་། ལོ་དེའི་ལོ་མཇུག་ཏུ་ཨོ་སི་ཁྲུ་ལི་ཡས་རྒྱ་ནག་ལ་ཕོག་ཐུག་གཏོང་བར་འཇིགས་ནས་ཕྱིར་འཐེན་བྱས་སྟབས། མཐུན་ཚོགས་དེ་༢༠༡༧ བར་ཕར་འགྱངས་བྱས་ཡོད། ༢༠༡༧ ལོར་ཚོགས་འདུ་བསྐྱར་གསོ་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་ཡང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཕྱོགས་སུ་བཙན་འཛུལ་བྱེད་བཞིན་པར་སེམས་འཚབ་ཡོད་པས་ཡིན།
ནུས་པའི་ཆ་ནས་བཤད་ན། ཨ་རིས་སྣེ་ཁྲིད་པའི་རྒྱ་ནག་ལ་ཁ་གཏད་གཅོག་བྱེད་ཀྱི་མཐུན་ཚོགས་དེ་ཤིན་ཏུ་ཆེན་པོ་ཆགས་ཆོག། ཟླ་བ་འདིའི་འགོ་སྟོད་ལ་མོ་དྷི་དང་ཊོམ་གཉིས་ཁ་པར་བརྒྱུད་དེ་གླེང་མོལ་བྱེད་སྐབས། ཨ་རིའི་སྲིད་འཛིན་གྱིས་རྒྱ་གར་སྟོབས་ཆེན་རྒྱལ་ཁབ་བདུན་(G7) གྱི་ཚོགས་ཆེན་རྗེས་མར་མཉམ་ཞུགས་དགོས་པའི་མགྲོན་འབོད་བྱས་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ལེ་(Kayleigh McEnany) ཡིས་བརྗོད་པ་ལྟར་ན། ཁོང་གཉིས་ཀྱིས་“རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནས་སྟངས་སྐོར་”ཡང་གླེང་ཡོད།
ཊོམ་གྱིས་དེ་སྔོན་གཙོ་བོ་ཡུ་རོབ་དང་བྱང་ཨ་རིའི་རྒྱལ་ཁབ་ཀྱིས་གྲུབ་པའི་མཐུན་གྲོགས་རྙིང་པ་ཚོའི་ནང་དུ་ཨ་རིའི་མཐུན་གྲོགས་ཨོ་སི་ཁྲུ་ལི་ཡ་དང་། ལྷོ་ཀོ་རི་ཡའང་སྣོན་འདོད་པའི་སྐད་ཆ་བཤད་ཡོད་པའི་ཐོག མཐུན་གྲོགས་རྒྱལ་ཁབ་ཚོའི་འདི་ལོའི་ཚོགས་ཆེན་ཐོག་ཏུ་“རྒྱ་ནག་གི་འབྱུང་འགྱུར་གླེང་རྒྱུ་ཡིན་”སྐོར་ཡང་བརྗོད་ཡོད།
རྒྱ་གར་གྱིས་ལུགས་སྲོལ་ཐོག་ནས་ཨ་རི་དང་འབྲེལ་ཐག་ཤིན་ཏུ་ཉེ་བོ་བྱེད་རྒྱུར་དོགས་ཟོན་བྱས་ཏེ། པེ་ཅིང་དང་ལྷན་དུ་(རྟག་ཏུ་ཆབ་སྲིད་ཀྱི་འབྲེལ་ལམ་མ་ཡིན་ཡང་།)དཔལ་འབྱོར་གྱི་འབྲེལ་ལམ་དམ་ཟབ་ཅིག་ཉར་གྱི་ཡོད། ཡིན་ན་ཡང་། ཇེ་དྲག་ཏུ་འགྱུར་བཞིན་པའི་ས་མཚམས་ཀྱི་གནོན་ཤུགས་དང་། མོ་དྷི་དང་ཊོམ་གཉིས་ཀྱི་སྒེར་འབྲེལ་ཟབ་མོའི་ནང་། ད་ལྟ་རྒྱ་དཀར་ནག་གི་འབྲེལ་ལམ་ལ་འགྱུར་བ་གཏོང་བའི་དུས་ཚོད་ཡག་ཤོས་ཤིག་ཆགས་ཡོད།
ཕྱིའི་རྒྱལ་ཁབ་ཀྱི་གནད་དོན་ཉམས་ཞིབ་པ་ཨམ་རི་ཐ-ཇ་ཤཱ་(Amrita Jash) ཡིས་བཤད་པར་གཞིགས་ན། རྒྱ་གར་གྱིས་མཐུན་ཕྱོགས་རྒྱལ་ཁབ་བཞིའི་ནང་དང་། ཨ་རིའི་མདག་དོན་མཐུན་ཕྱོགས་ནང་མཉམ་ཞུགས་མང་ཙམ་བྱས་པ་དེས་ཨ་རི་ལ་ཕན་ཐོགས་ཀྱི་ཡོད། ཉམས་ཞིབ་པ་ཁོང་གིས་བདུན་འདིར་“རྒྱ་གར་གྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྐང་པ་བརྟན་པོ་ཞིག་བཙུགས་པ་དེས་རྒྱ་གར་རྒྱ་མཚོའི་ཕྱོགས་སུ་རྒྱ་ཁྱབ་ཏུ་འགྱུར་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་གདོང་ལེན་བྱེད་པར་ཕན་ཐོགས་ཡོད་”ཅེས་བྲིས་ཡོད།
གྱོང་གུན་མེད་པར་ཡོང་མི་སྲིད།
བདུན་ཕྲག་འདིར་ཧི་མ་ལ་ཡའི་ནང་དུ་དྲག་པོའི་གདུང་ཐུག་བྱུང་རྗེས། པེ་ཅིང་དང་ལྡི་ལི་སྲིད་གཞུང་གཉིས་ཀས་གནས་ཚུལ་ཞི་འཇགས་བཏང་ནས་ཞི་བའི་འབྲེལ་ལམ་རྒྱུན་སྐྱོང་བྱེད་འདོད་ཡོང་ཚུལ་བཤད་ཡོད། ཡིན་ན་ཡང་། ཉམས་ཞིབ་པ་མང་པོ་ཞིག་གིས་དེ་ལྟར་ཡོང་སྲིད་པ་ཞིག་ཡིན་མིན་དང་། ཡོང་ན་བརྟན་པོ་ཞིག་ཡིན་མིན་དོགས་པ་བྱེད་ཀྱི་ཡོད།
ཟླ་བ་འདིའི་ནང་། ཆབ་སྲིད་འཚེ་བ་རིག་པ་དང་ལྷོ་ཨེ་ཤི་ཡའི་གནད་དོན་ལ་མཁས་པའི་ཨེ་ཌན-མི་ལི་ཧྥི་(Aidan Millif) ཡིས་[ད་ཐེངས་ཀྱི་]རྩོད་རྙོག་གསར་ཤོས་དེ་ནི་“རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་འགྱུར་བ་མེད་པའི་འབྲེལ་ལམ་སྐྱོ་བོ་དེ་ལྟར་འགྱུར་རྒྱུའི་སྔ་ལྟས་ཡིན་པའི་”སྔོན་དཔག་བྱས་ཡོད།
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་ཀྱི་བརྟན་པོ་བྲལ་བའི་འབྲེལ་ལམ་ལ་རྨས་སྐྱོན་ཕོག་ཚར་ཡོད་དེ། རྒྱ་གར་ནང་རྒྱ་ནག་གིས་ཐོག་མའི་ཆ་ནས་ཆག་སྒོ་དེར་སྟངས་འཛིན་མ་བྱས་པར་འཐུས་ཤོར་བཏང་བར་ལེ་བདའ་བྱེད་མཁན་མང་པོ་ཡོད་ལ། དེ་བཞིན་རྒྱ་ནག་གི་དཔོན་པོ་ཚོ་ཡང་རྒྱ་གར་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་། རྒྱལ་སྤྱིའི་སྡིངས་ཆ་གཞན་དག་གི་ཐོག་ཏུ་རྒྱ་ནག་ལ་རྒྱབ་སྐྱོར་གྱི་རྣམ་པ་མ་བསྟན་པ་དེར་ཁོང་ཁྲོ་ལངས་ནས་ཡོད།
ཡིན་ན་ཡང་། རྒྱ་གར་གྱིས་མཐུན་ཕྱོགས་རྒྱལ་ཁབ་བཞི་དང་ཨ་རི་གཅིག་པུའི་ཕྱོགས་སུ་རྟེན་པའི་འགྱུར་བ་ཆེན་པོ་དེ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་བསྐྱར་གསོ་བྱེད་ཐབས་བྲལ་བ་ཞིག་ཏུ་མཐོང་ན་གཞི་ནས་ཡོང་ངེས་རེད། རྒྱུ་མཚན་ནི་དེ་ལྟར་བྱས་ན་རྒྱ་དཀར་ནག་གཉིས་ཀར་གྱོང་གུན་ཆེན་པོ་ཡོང་ངེས་པས་ཡིན།
མོ་དྷིའི་འགོ་ཁྲོད་འོག རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་ལྷན་དུ་བསྡོམས་ན། གོ་ལའི་དཔལ་འབྱོར་གྱི་བརྒྱ་ཆ་༡༧.༦ ཟིན་ཡོད། འོན་ཀྱང་། རྒྱ་གར་གྱི་ཕྱི་འདྲེན་བྱེད་སའི་ཚོང་ཤག་ཆེ་ཤོས་དེ་རྒྱ་ནག་ཡིན་རུང་། རྒྱལ་ཁབ་དེ་གཉིས་ཀྱི་བར་དུ་༢༠༡༧/༢༠༡༨ ལོར་བྱུང་བའི་ཨ་སྒོར་ཐེར་འབུམ་༨༤ ཡི་ཚོང་འབྲེལ་དེ། ཨ་སྒོར་ཐེར་འབུམ་༦༠༠ མ་ཟིན་ཙམ་གྱི་ཨ་རྒྱའི་ཚོང་འབྲེལ་དང་བསྡུར་ན་ཆ་ཤས་ཀྱི་ཆ་ཤས་ཙམ་དུ་གྱུར་ཡོད།
ཝུའུ་ཧན་ཏོག་དབྱིགས་ནད་ཡམས་མ་བྱུང་སྔོན་དུ། རྒྱ་ནག་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་གར་གྱི་ཁྲོམ་རའི་ནང་མ་འཇོག་བྱེད་མཁན་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད། ཡིན་ན་ཡང་། ལྡི་ལིའི་སྲིད་གཞུང་ནས་མ་འཇོག་གི་སྒྲིག་ལམ་གསར་པ་གཏན་འབེབས་བྱས་པ་དེས་གནས་སྟངས་ཀྱི་འཕེལ་ཕྱོགས་དེ་བཀག་ནས་ཡོད་ལ། སྒྲིག་ལམ་གསར་པ་དེའང་ཆེད་དུ་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ལ་དམིགས་ནས་བཅས་པ་ཞིག་ཏུ་མཐོང་གི་ཡོད།
རྒྱལ་ཁབ་གཉིས་ལ་ཕོག་པའི་གྱོང་གུན་དེ་དཔལ་འབྱོར་གྱི་ན་ཟུག་གཅིག་པུ་མ་ཡིན་ཏེ། པེ་ཅིང་སྲིད་གཞུང་གིས་རྒྱ་གར་ཨ་རི་དང་ཉི་ཧོང་གཉིས་ལ་མཐུན་པོ་ཆགས་བཞིན་པ་མཐོང་བ་དེར་སྡང་སེམས་དྲག་པོ་སྐྱེ་སྲིད་ན་ཡང་། དེའི་ཡ་ལན་དུ་རྒྱ་གར་གྱི་དགྲ་བོ་གཙོ་བོ་སྟེ་པ་ཀི་སི་ཐན་ལ་རྒྱབ་སྐྱོར་སྔར་བས་མང་བ་བྱས་ན་ཆོག
རྒྱ་ནག་གིས་པ་ཀི་སི་ཐན་དང་ལྷན་དུ་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་བཅས་ཀྱི་འབྲེལ་བ་དམ་ཟབ་བཟུང་སྟེ་པ་ཀི་སི་ཐན་ས་ཕྱོགས་དེའི་མཐུན་གྲོགས་ཀྱི་རྒྱལ་ཁབ་ཉེ་ཤོས་ཤིག་ཏུ་བསྒྱུར་ཡོད་དེ། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གནད་དོན་ཉམས་ཞིབ་ལྟེ་གནས་ཁང་(CSIS) ལྟར་ན། ཕྱི་ལོ་༢༠༠༨ ནས་༢༠༡༧ བར་དུ་པ་ཀི་སི་ཐན་གྱིས་རྒྱ་ནག་གི་ལག་ནས་ཨ་སྒོར་ཐེར་འབུམ་༦ ལྷག་གི་གོ་ཚོན་ཉོས་སྒྲུབ་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཆེན་པོ་དེའི་མེད་ཐབས་བྲལ་བའི་ཆ་ཤས་སུ་གྱུར་བའི་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་འབྲེལ་ལམ་ཐོག་ཏུ་ཨ་སྒོར་ཐེར་འབུམ་མང་པོའི་མ་འཇོག་བྱས་ཡོད།
ཉམས་ཞིབ་པ་འགའ་ཤས་ཀྱིས་ཉེ་ཆར་ཧི་མ་ལ་ཡའི་ནང་བྱུང་བའི་འཁྲུག་རྩོད་དེའི་རྒྱུ་རྐྱེན་གཙོ་བོ་ནི་པ་ཀི་སི་ཐན་དང་རྒྱ་ནག་གི་འབྲེལ་ལམ་དེ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་མཐོང་གི་ཡོད་ལ། རྒྱུ་རྐྱེན་གཞན་གཅིག་ནི་ཉེ་ཆར་རྒྱ་གར་གྱིས་ཀཱ་ཤི་མིར་གྱི་རང་སྐྱོང་མེད་པ་བཟོས་པ་དང་འབྲེལ་ཡོད་དེ། རྩོད་རྙོག་དེའི་ནང་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཁབ་ནང་དུ་རྒྱ་གར་ལ་སྐྱོན་འདོགས་ཐབས་བྱས་ཀྱང་ལེགས་གྲུབ་བྱུང་མེད།
དེ་བཞིན་རྒྱ་ནག་གིས་བལ་ཡུལ་དང་། སིང་གྷ་ལ། བྷང་ལ་དྷེ་ཤི་འདུས་པའི་སྔར་རྒྱ་གར་གྱི་ཤུགས་རྐྱེན་འོག་ཏུ་ཡོད་པའི་རྒྱལ་ཁབ་དག་གི་ནང་དུ་འབྲེལ་ལམ་དང་དཔལ་འབྱོར་གྱི་བཙན་འཛུལ་བྱེད་ཀྱི་ཡོད་ལ། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་སྐབས། རྒྱ་གར་གྱི་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་གི་ཕྱོགས་སུ་རོགས་རམ་གྱི་རེ་བ་མང་བ་བཅངས་ཡོད་པ་དེས། པེ་ཅིང་གིས་ས་ཁུལ་དེ་དག་ནང་མ་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་ཤུགས་ཆེར་མཐོང་དུ་བཅུག་ཡོད།
ལྷག་པར་དུ་བལ་ཡུལ་པེ་ཅིང་དང་མཉམ་ལས་བྱེད་འདོད་པ་དེས། ལྡི་ལི་གསར་པའི་སྲིད་གཞུང་ལ་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་སྲིད་པའི་སེམས་འཚབ་སློང་གི་ཡོད། རྒྱ་དཀར་ནག་གཉིས་ཀྱི་བར་དུ་བཙིར་བའི་བལ་ཡུལ་གྱིས་ཉེ་ཆར་ས་ཁྲ་བསྐྱར་བཅོས་ཀྱིས་རྒྱ་གར་གྱིས་སོ་སོའི་བདག་ཏུ་ཡོད་ཚུལ་བཤད་པའི་ས་ཆ་འགའ་བཅུད་ནས་རྒྱ་གར་ལ་རྒོལ་རྡུང་བྱས་ཡོད།
ས་ཕྱོགས་འདིའི་དཀའ་རྙོག་གི་ཆ་ཤས་གཅིག་ནི། རྒྱལ་ཁབ་མང་པོའི་བར་དུ་ཡོད་པའི་རྩོད་རྙོག་ཅན་གྱི་ས་མཚམས་རྣམས་ཆགས་ཡོད། ཡིན་ན་ཡང་། གལ་སྲིད་པེ་ཅིང་དང་ལྡི་ལིའི་འབྲེལ་བ་མུ་མཐུད་སྡུག་ཏུ་ཕྱིན་པ་ཡིན་ན། ཨེ་ཤི་ཡ་ཡོངས་ལ་ས་ཁམས་ཆབ་སྲིད་ཀྱི་དཀའ་རྙོག་ཚབས་ཆེན་ཞིག་ལང་སྲིད་པ་དང་། སྐབས་དེར་ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་འདི་དག་ཅི་ཡང་མ་ཡིན། །