ས་རུད་ཀྱི་རྐྱེན་པས་མི་༥༠ ལྷག་རྐྱེན་འདས།
ཁོ་ལིམ་བྷི་ཡ་ཨན་ཏྲི་ཁུའི་ཁུལ་དུ་ས་རུད་ཀྱི་རྐྱེན་པས་མི་༥༠ རྐྱེན་འདས་དང་། མི་མང་པོ་ཞིག་གར་སོང་ཆ་མེད་གྱུར་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཟླ་༥ ཚེས་༡༨ཉིན་ཆར་ཞོད་ཆེན་པོ་རྒྱབ་པས་ཆུ་བོ་ལི་བྷོ་རན་ནཱ་རྒྱས་པའི་རྐྱེན་གྱིས་ས་རུད་དེ་བྱུང་བ་དང་། ཚེས་༡༨ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་སཱན་ཏྲ་ས་གནས་ཀྱི་གྲོང་པ་མང་ཤོས་ཆུ་རུད་དེས་ཁྱེར་ཡོད་འདུག
ཆུ་རུད་རྒྱུག་སྐབས་འདམ་རྙོག་དང་རྡོ་ཧྲུག ཤིང་སྡོང་འགྱེལ་བ་བཅས་ཀྱི་རྐྱེན་པས་ཉེ་འགྲམ་གྱི་ཁང་པ་དེ་ཚོ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད། མྱུར་སྐྱོབ་རུ་ཁག་དང་ས་གནས་ཀྱི་གཏད་སྡོད་མི་མང་བཅས་ནས་མྱུར་སྐྱོབ་ཀྱི་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད་འདུག
ཁོ་ལིམ་བྷི་ཡའི་སྲིད་འཛིན་ས་གནས་དེར་ཆེད་དུ་ཕེབས་ནས་གཟིགས་རྗེས་ཛ་དྲག་གནས་སྟངས་གསལ་བསྒྲགས་བྱས་པ་དང་འབྲེལ། གནོད་འཚེ་ཕོགས་ཁུལ་གྱི་ཁང་པ་བསྐྱར་དུ་རྒྱག་རྒྱུ་ཡིན་སྐོར་གསུངས།
ཉེན་ཁ་ཆེ་བའི་ས་གནས་ཁག་ནས་མི་མང་༡༠༠ ལྷག་ཙམ་གནས་སྤོ་བྱེད་བཅུག་པ་དང་། ཁོ་ལིམ་བྷི་ཡ་གཞུང་གིས་གནམ་གྲུ་དང་དམག་མི་མང་པོ་གནོད་ཁུལ་དུ་བཏང་ནས་ཛ་དྲག་མྱུར་སྐྱོབ་ལས་དོན་སྒྲུབ་བཞིན་པ་རེད་འདུག།