ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་ཁག་ཐུན་མོང་དང་། ལྷོ་ཕྱོགས་ས་དགོན་ཁག་གསུམ་བཅས་ཀྱིས་དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༤ ཉིན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་གདན་ས་ཁག་དང་ས་གནས་མི་མང་བཅས་ཕེབས་བསུ་ཟབ་རྒྱས་ཀྱིས་ངང་ནས་ཞབས་སོར་འཁོད་པ་དང་། ཕྱི་ཚེས་༦ ཉིན་ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་དགོན་པ་གསར་བཞེངས་ལེགས་སྒྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས། ཚེས་༧ ནས་༩ བར་དགོན་པར་རབ་གནས་དང་ཕུར་པའི་དབང་ཆེན་སོགས་མཛད་པ་དང་། ཟླ་འདིའི་ཚེས་༡༠ ཉིན་དགའ་ལྡན་ཤར་བྱང་གི་གཙོས་པའི་གདན་ས་ཁག་གི་མཁན་ལས་ཟུར་དང་གྲྭ་བཙུན་རྣམ་པ། ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་རང་བདེན་ཚོགས་ཆུང་གི་འཐུས་མི་སོགས་གཙོས་པའི་ས་གནས་མི་མང་བཅས་ཁྱོན་ཆོས་ཞུ་བ་སྟོང་ཚོ་ཁ་ཤས་ལ་འཆི་མེད་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བསྩལ། བཀའ་དབང་གྲུབ་མཚམས་མོན་གྷོ་གཞིས་གྲོང་ཐུན་མོང་དང་ལྷོ་ཕྱོགས་ས་དགོན་གསུམ་ནས་༧གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ་སྐབས། དམ་ཆོས་གླིང་མཆོག་སྤྲུལ་རིན་པོ་ཆེ་སྐུ་བཞེངས་ཐོག་མནྜལ་ལྗགས་བཤད་གནང་སོང་། ཉིན་རྒྱབ་གཞས་སྣ་འཁྲབ་སྟོན་དང་མི་མང་ལ་མཇལ་ཁ་བཅས་མཛད་རིམ་ཁག་ལེགས་པ་གྲུབ་ཡོད་པ་རེད།
ཚེས་༡༡ ཉིན་དགའ་ལྡན་ཁྲི་ཐོག་ཁང་དང་པདྨ་ཚལ་སློབ་གྲྭ་བཅས་ལ་གཟིགས་སྐོར་གྲུབ་མཚམས། མོན་གྷོ་ས་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་དུ་ཞབས་སོར་འཁོད་རྒྱུ་དང་། དེ་ནས་ཕྱི་ཚེས་༡༧ བར་ཆོས་སྡེ་ཁག་ལ་ཚད་མ་རིགས་གཏེར་གྱི་ལྗགས་ལུང་དང་བཀའ་དབང་སོགས་གནང་རྒྱུའི་མཛད་འཆར་དང་། ཕྱི་ཚེས་༡༩ ནས་ཟླ་འདིའི་མཇུག་བར་ཀོ་ལི་གྷ་དོན་ལྡན་གླིང་དང་སྦེལ་ཀོབ་བཅས་སུ་མཛད་རིམ་ཁག་སྐྱོང་རྒྱུའི་མཛད་འཆར་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།