ས་སྐྱ་༧གོང་མ་བཞུགས་སྒར་ར་ཛ་སྤུར་དུ་ཞབས་སོར་འཁོད།

ཟླ་འདིའི་ཚེས་༡༨ ཉིན་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་ཕྱི་རྒྱལ་ཁག་གི་མཛད་འཕྲིན་ཁག་གྲུབ་ནས། བཞུགས་སྒར་ར་ཛ་སྤུར་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

saja_18༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་འདི་ལོ་ཕྱི་ཟླ་༣ ཟླ་འཇུག་ནས་བྱང་ཨ་རིའི་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་ཨ་རིའི་མངའ་སྡེ་མང་པོ་ཞིག་ལ་ཞབས་སོར་བཀའ་དྲིན་བསྐྱངས་ནས་བོད་རིགས་གཙོ་བོ་གྱུར་པའི་ནང་ཆོས་དོན་གཉེར་ཅན་མང་པོ་ཞིག་ལ་ཆོས་འབྲེལ་དང་བཀའ་སློབ་ལམ་སྟོན་སོགས་གྱིས་མཛད་འཕྲིན་བསྐྱངས་ཡོད་པ་དང་། རིམ་བཞིན་ཁུལ་དེའི་མཛད་རིམ་ཁག་གྲུབ་ནས་ཡོ་རོའི་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་སྦེལ་ཇམ་དང་། སི་པན། ཧྥ་རན་སི། པོ་ཅུག་གྷ། འཇར་མན་སོགས་ལ་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་དང་གསུང་ངག་ལམ་འབྲས་གཉིས་གཙོས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས། ཟླ་འདིའི་ཕྱི་ཚེས་༡༧ ཉིན་མཛད་རིམ་ཁག་ལེགས་སྒྲུབ་ཟིན་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་ཡོད་པ་རེད།

saja_8_18 ལྡི་ལི་ནས་མེ་འཁོར་བརྒྱུད་ཚེས་༡༨ ཉིན་གུང་ཆུ་ཚོད་༢ ཐོག་ལྡེ་ར་སྡུན་མེ་འཁོར་འབབ་ཚུགས་སུ་གདུང་སྲས་རིན་པོ་ཆེ་རྣམ་གཉིས་དང་ཞབས་དྲུང་རིན་པོ་ཆེ་བཅས་གཙོས་པའི་ཆོས་སྡེ་ཁག་གི་མཁན་པོ་ལས་སྣེ་རྣམ་པ་དང་ཁྱབ་ཁོངས་ཆོས་བརྒྱུད་སྤྱི་འཐུས་རྣམ་གཉིས། གཞན་ཡང་ཉེ་སྐོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱིས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་རེད། དེ་ནས་ཆིབས་འཁོར་ཐོག་ཆིབས་བསྒྱུར་མཛད་ནས་ར་ཛ་སྤུར་དཔལ་ས་སྐྱའི་གདན་སའི་དགེ་འདུན་པ་དང་གཉུག་མ་གནས་པའི་མི་མང་བཅས་ནས་མཆོད་རྫས་དང་སེར་སྦྲེངས་ཀྱིས་བསུ་བ་ཟབ་རྒྱས་ཀྱི་ཐོག་ནས་ཉིན་གུང་ཕྱག་ཚོད་དང་པོའི་ཐོག་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།