ས་སྐྱ་བདག་ཁྲི་རིན་པོ་ཆེ་སྦིར་དུ་ཞབས་སོར་འཁོད་པ།

དེ་རིང་ཉིན་རྒྱབ་ཆུ་ཚོད་༢ པ་ཙམ་ལ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་སྦིར་དུ་ཡོད་པའི་སྤྲུལ་སྐུ་ཨོ་རྒྱན་སྟོབས་རིན་པོ་ཆེའི་བླ་བྲང་ཚེ་རིང་ལྗོངས་སུ་ཞབས་སོར་འཁོད་པ་དང། ཕྱི་ཚེས་༡༩ ཉིན་རྒྱབ་རྫོང་སར་བཤད་གྲྭ་རུ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་རྒྱུ་སོགས་ཕྱི་ཚེས་༢༩ བར་སྦིར་ས་ཁུལ་དུ་བཞུགས་རྒྱུ་ཡིན་འདུག

DSC_6682ད་ལན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་གདན་འདྲེན་ཞུ་མཁན་གཙོ་བོ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེར་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས་”སྤྱིར་བདག་ཁྲི་རིན་པོ་ཆེ་འདིར་གདན་འདྲེན་ཞུ་རྒྱུ་དེ་ལོ་མང་པོའི་སྔོན་ནས་བསམ་བློ་བཏང་ནས་འཆར་གཞི་ཡོད་བསྡད་པ་ཞིག་རེད། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དགོངས་གཏེར་འཆི་མེད་ཕག་མོ་སྙིང་ཐིག་ཅེས་པ་དེ། ཤྲི་སེངྷ་དང་། བི་མ་མི་ཊ། གུ་རུ་རིན་པོ་ཆེ་བཅས་འཆི་མེད་གྲུབ་པའི་རིག་འཛིན་རྣམ་པ་གསུམ་གྱིས་ཐུགས་དམ་གྱི་སྙིང་པོ་ཡིན་པ་དང་། གཏེར་ཆོས་དེ་དཔེ་མི་སྲིད་པའི་བྱིན་རླབས་ཆེན་པོ་རེད། ད་ལྟའི་ས་སྐྱ་བདག་ཁྲི་རིན་པོ་ཆེ་ཁོང་གི་ཡབ་དང་། དེའི་ཡབ་བཅས་ཀྱིས་ཉམས་བཞེས་མཛད་ཅིང་། ད་ལྟའི་བདག་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་ཀྱང་སྐུ་ན་ཆུང་དུས་ནས་འཆི་མེད་ཕག་མོ་སྙིང་ཐིག་གི་ཚེ་དབང་བརྒྱ་སྟོང་མང་པོ་གསན། བསྙེན་པ་བཏང་གནང་བ་དང་། དུས་རྒྱུན་ཞལ་འདོན་གནང་ནས་ཉམས་བཞེས་མཛད་བཞིན་པ་ཞིག་རེད། འདིར་འཆི་མེད་ཕག་མོ་སྙིང་ཐིག་གི་སྒོ་ནས་སྒྲུབ་ཆེན་ཞིག་འཚོགས་ནས། བརྟན་བཞུགས་ཤིག་འབུལ་ཐུབ་ན་བོད་གངས་ཅན་གྱི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ལ་བསྐལ་པ་བཟང་པོ་ཡོང་ས་རེད་བསམ་ཡོད་ཀྱང་། དུས་ཚོད་དེ་ཏག་ཏག་ཅིག་གཏན་མ་འཁེལ་བ་རེད། ན་ནིང་རཇ་པུར་གྱི་ཕོ་བྲང་དུ་བཅར་ནས་དེའི་སྐོར་སྙན་གསན་ཞུ་དུས། ཁོང་གིས་དེ་ཡག་པོ་འདུག་ཁོང་ཏན་ཏན་ཕེབས་ཀྱི་ཡིན་ཞེས་གསུངས་ནས་ད་ལྟའི་དུས་ཚོད་དེ་གཏན་འཁེལ་བ་རེད། ད་ལྟ་སྒྲུབ་ཆེན་འདིའི་དབུ་བཞུགས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྤྲུལ་སྐུ་གཞན་གཅིག་ཡོད་པ་ཁོང་དང་། སྡེ་དགེ་པེ་ཡ་སྤྲུལ་སྐུ་རིན་པོ་ཆེ་གསུམ་སྒྲུབ་ཆེན་འཚོག་རྒྱུའི་ཆེད་དུ་ཕེབས་པ་རེད། སང་ཉིན་ཕྱི་ཚེས་༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་༨ དང་ཕྱེད་ཀྱི་ཐོག་ས་ཆོག་འཚོགས་ནས་སྟ་གོན་གྱི་རིམ་པ་དེ་གྲུབ་པ་བྱས། ཕྱི་དྲོ་ནས་རྒྱན་བཀོད་བྱེད་དགོས་པས། བདག་ཁྲི་རིན་པོ་ཆེ་སང་ཉིན་ཕྱི་དྲོ་ཅོན་ཏ་ར་རྫོང་སར་བཤད་གྲྭ་རུ་ཕེབས་ནས་སྦིར་གཞིས་ཁག་གསུམ་དང་བཀྲ་ཤིས་ལྗོངས་སོགས་ཀྱི་མི་མང་ལ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་གི་རེད། ཕྱི་ཚེས་༢༡ ཉིན་སྒྲུབ་ཆེན་གྱི་དངོས་གཞིའི་ཉིན་དང་པོ་བྱས་ནས་ཉིན་རེ་ལ་ཚོགས་ཐེངས་ལྔ་རེ་དང་། ཉིན་ལན་གསུམ་དང་མཚན་ལན་གསུམ་རེ་བྱས་ནས་བསྙེན་རྒྱུན་མཚམས་མ་ཆད་པར་འཚོག་གི་རེད། ཕྱི་ཚེས་༢༩ ཉིན་བདག་ཁྲི་རིན་པོ་ཆེ་ཕྱིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པས། ཕྱི་ཚེས་༢༨ བོད་ཚེས་༣ ཉིན་སྒྲུབ་ཆེན་གྲོལ་ནས་དངོས་གྲུབ་ལེན་རྒྱུའི་དུས་ཚོད་རེད། སྔ་དྲོ་དེ་གྲུབ་མ་ཐག བདག་ཁྲི་རིན་པོ་ཆེ་ཡབ་སྲས་གསུམ་ཀ་བཞུགས་ཡོད་པས་ཁོང་རྣམས་ལ་འཆི་མེད་ཕག་མོ་སྙིང་ཐིག་གི་ཆ་ལག་མཁའ་འགྲོའི་སུན་བཟློག་འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་ཡོད་པ་རེད། དེའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུས་རྗེས། མར་མེའི་སྨོན་ལམ་སོགས་ཀྱི་སྒོ་ནས་སྒྲུབ་ཆེན་མཇུག་རྫོགས་འགྲོ་གི་རེད།” དེ་བཞིན་སྒྲུབ་ཆེན་དེར་སྦིར་དཔལ་ཡུལ་ཆོས་འཁོར་གླིང་ནས་བླ་སློབ་ཁག་ཅིག་གིས་ཕེབས་རྒྱུ་དང་། སྦིར་ས་སྐྱ་དགོན་པའི་དགེ་འདུན་པ་ཁག་ཅིག དེ་བཞིན་རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་དུ་རྟེན་གཞི་བྱས་པའི་སྨིན་གྲོལ་གླིང་བྱེས་ཀྱི་གདན་ས་ནས། བཀའ་བརྒྱད་ཀྱི་སྒོ་ནས་ཆོས་གར་འཆམས་མཁན་དགེ་འདུན་པ་༢༥ ཙམ་ཕེབས་ཡོད་པ་རེད། དེ་བཞིན་འབྲུག་ནས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བཤད་གྲྭ་ནས་གྲྭ་པ་༡༥ ཙམ་ཕེབས་ཡོད་པ་དང་། གཞན་སྒྲུབ་ཆེན་འཚོག་རྒྱུའི་འགན་ཁུར་དང་འཚོགས་མཁན་དགེ་འདུན་པ་གཙོ་བོ་སྦིར་དུ་ཡོད་པའི་མཆོག་གླིང་དགོན་གྱིས་གནང་རྒྱུ་ཡིན་པ་སོགས་ཀྱང་འགྲེལ་བརྗོད་གནང་སོང་།།