ས་སྐྱ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་སྐུ་གཤེགས་པ།

ཕྱི་ཟླ་༤ ཚེས་༢༩ ཉིན་ས་སྐྱ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་ཨ་རི་ནས་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཚུལ་བསྟན་མཛད་པ་དང་། དེ་ནས་ཉིན་གྲངས་བཞིའི་རིང་གསང་རྒྱ་མཛད་ནའང་། ད་ལྟ་ཕོ་བྲང་གཉིས་ཀྱི་གསང་རྒྱ་གྲོལ་ཏེ་མགོན་པོ་མཆོག་ཐུགས་དམ་དུ་བཞུགས་བཞིན་ཡོད་འདུག

sakyaba1_2016དེ་ཡང་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་ད་ལོ་དགུང་གྲངས་༨༨ ལ་ཕེབས་ཀྱི་ཡོད་པ་དང་། སྔོན་ནས་བསྙུན་ཚུལ་ཅུང་ཟད་བཞེས་པའི་སྐབས་སུ་སྐྱབས་རྗེ་རྫོང་གསར་མཁྱེན་རྩེ་རིན་པོ་ཆེད་ཕེབས་ཀྱིས་མཁའ་འགྲོ་མ་འཆི་མེད་འཕགས་མ་སྙིང་ཐིག་གི་སྒོ་ནས་མཁའ་འགྲོའི་བསུན་ཟློག་གི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་དང་། དེ་རྗེས་ས་སྐྱ་༸གོང་མ་༸ཁྲི་འཛིན་རིན་པོ་ཆེ་ཆིབས་བསྒྱུར་དང་འབྲེལ་བླ་མ་ཞི་ཁྲོའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་བསྟར་འབུལ་མཛད་ཡོད་པ་རེད། དེ་ཡང་ས་སྐྱ་ཁྲི་འཛིན་༸གོང་མ་རིན་པོ་ཆེས་བསྩལ་གནང་བའི་གསུང་འཕྲིན་ནང་ “ད་ལྟ་ཐུགས་དམ་ངོ་མཚར་ཅན་མཇལ་བ་ཙམ་གྱིས་དད་གསུམ་དབང་མེད་དུ་འཕྲོ་བ་ཞིག་བཞུགས་བཞིན་པ་དང་། ངོས་རང་ད་ལྟ་ཡང་ཨ་རིར་ཡོད་བཞིན་པ་བཅས་མ་བསྒྲིགས་ལྷུན་འགྲུབ་དམ་ཚིག་གཙང་མའི་དགེ་མཚན་མངོན་དུ་གྱུར་པ་ཡིན།” བཅས་བཀའ་གནང་འདུག ད་ལྟ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་གདུང་སྲས་རྣམ་པ་དང། མཁན་བླ་འདུས་མང་ནས་མདུན་མཆོད་འབུལ་བཞིན་པ་དང་། མགོན་པོ་མཆོག་ཐུགས་དམ་གྲོལ་མཚམས་སྐུ་གདུང་བཞུགས་འབུལ་གནང་འཆར་ཡོད་པ་རེད།

མཚན་མཆོག་གསུམ་ལྡན་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས།

དཔལ་ས་སྐྱ་གོང་མ་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི་ཕྱི་ལོ་༡༩༢༩ རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོའི་ཟླ་༡༢ ཚེས་༡༣ ཉིན་ཡབ་ས་སྐྱ་༸གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་ཡུམ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་དུས་ས་སྐྱ་ལྷ་ཁང་ཆེན་མོའི་མཁན་རབས་ཞེ་གསུམ་པ་ཡོངས་འཛིན་སངས་རྒྱས་རིན་ཆེན་ལགས་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་བོད་ཡིག་གི་སྦྱོར་ཀློག་སློབ་པའི་དབུ་བཙུགས་གནང་། དེ་ནས་ས་སྐྱ་པའི་མདོ་སྔགས་ཀྱི་ཆོས་སྤྱོད་ཉེར་མཁོ་དུ་མ་ཐུགས་འཛིན་མཛད། སློབ་དཔོན་ཤཱཀྱ་ལགས་ཀྱི་མདུན་ནས་དཀྱིལ་འཁོར་བྲིས་ཐིགཆོ་གའི་ཕྱག་ལེན།འདོན་རྟ་དབྱངས།རྔ་རོལ།ཕུར་པའི་རྩ་འཆམ་དང་གཏོར་བཟོ་སོགས་ལ་སྦྱངས་པ་གནང་།ས་གཞུང་དྲུང་ཡིག་བློ་བདེ་ཁང་གསར་དབང་འདུས་ཀྱི་དྲུང་ནས་བོད་ཡིག་བྲིས་རྒྱུན་སྦྱོང་ཤིང་དང་ཤོག་བུའི་སྟེང་སྔར་སྲོལ་བཞིན་སྦྱོང་གནང་མཛད།

ཡབ་རྗེ་ཁྲི་ཆེན་མཆོག་གི་ཞལ་སྔ་ནས་སྔ་ཕྱིར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་ཚོགས་བཤད་ཀྱི་དབང་ལུང་ཁྲིད་གསུམ་དང་། འཁོན་ལུགས་རྡོ་རྗེ་ཕུར་པའི་དབང་དང་རྗེས་གནང་། བ་རི་བརྒྱ་རྩའི་རྗེས་གནང་སོགས་ཟབ་ཆོས་དུ་མ་གསན། དགུང་ལོ་བཅུ་བདུན་བར་དུ་འབྱུང་འདུལ་དང་། ཀྱཻ་རྡོར། ཕུར་པ། མགོན་པོ། བླ་མ་ཞི་ཁྲོའི་ཚེ་སྒྲུབ།རིག་བྱེད་མ་སོགས་ཀྱི་བསྙེན་པ་ཚད་ལྡན་སྐྱོངས།

ཕྱི་ལོ་༡༩༤༧ ལོར་བོད་གཞུང་གི་བཀའ་དགོངས་བཞིན་ཡབ་རྗེ་མཆོག་གི་ལྷན་མངའ་རིས་དང་། མང་ཡུལ། གློ་ཆུ་མིག་བརྒྱ་རྩ་སོགས་སུ་ཕྱོགས་ཕེབས་ཀྱིས་མཛད་འཕྲིན་བསྐྱངས། ཡབ་རྗེའི་ལྷན་ལྷ་སར་ཕེབས་ཏེ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་སོགས་ལ་ཕྱག་མཇལ་ཞུས་པ་དང་། ཕོ་བྲང་ཆེན་པོ་པོ་ཏཱ་ལ་དང་ཇོ་ཁང་རྣམ་གཉིས་སོགས་གཙུག་ལག་ཁང་མང་པོར་ཡང་མཆོད་མཇལ་དུ་ཕེབས། ཕྱི་ལོ་༡༩༤༨ལོར་ཡབ་རྗེའི་ལྷན་རྒྱ་གར་དུ་བྱོན་ཏེ་གནས་མཆོག་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོའི་རི། ནཱ་ལེན་དྲ།ཝཱ་ར་ཎཱ་སི། ལུམ་བྰི་ནི། ཀུ་ཤི་ནཱ་གྷར་སོགས་གནས་ཆེན་དུ་མར་མཆོད་འབུལ་དང་ཐུགས་སྨོན་གནད་སྨིན་མཛད། སྤྱི་ལོ་༡༩༤༩ལོར་དགུང་ལོ་ཉི་ཤུར་ཕེབས་དུས་ཁམས་སྐྱེ་རྒུ་ནས་ཕེབས་པའི་མཁས་དབང་སྡེ་གཞུང་རིན་པོ་ཆེའི་སྐུའི་ཚ་མོ་འཇམ་དབྱངས་དཔལ་མོ་མཆོག་བདག་མོར་བཞེས་ཤིང་། སྔ་ཕྱིར་བོད་ནང་དང་ཨ་རིར་གདུང་སྲས་ལྔ་འཁྲུངས།

sakyaba2_2016
ས་སྐྱ་ཁྲི་འཛིན་གོང་མ་རིན་པོ་ཆེ་དང་ས་སྐྱ་བདག་ཆེན་རིན་པོ་ཆེ།

སྤྱི་ལོ་༡༩༥༡ ལོར་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་མོར་འདུས་མང་ལ་གསུང་ངག་ལམ་འབྲས་ཚོགས་བཤད་ཀྱི་དབང་ལུང་ཁྲིད་གསུམ་སྩལ་གནང་མཛད། དགུང་གྲངས་ཉི་ཤུ་རྩ་བཞིར་ཕེབས་སྐབས་ངོར་མཁན་རབས་རེ་དྲུག་པ་ཀླུ་ལྡིང་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ཞེས་པའི་མཁས་གྲུབ་ཆེན་པོ་དེའི་ཡང་སྲིད་དུ་ངོས་འཛིན་ཞུས།  ༧གོང་ས་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་གཉིས་གསན་བཞེས་གནང་།

སྤྱི་ལོ་༡༩༥༡ ལོའི་ཟླ་༧ ཚེས་༡ ལ་ཁམས་ཕྱོགས་སུ་ཆིབས་བསྒྱུར་སྐབས། ལམ་བར་དུ་གཞིས་རྩེར་པཎ་ཆེན་རིན་པོ་ཆེ་མཆོག་དང་ངོར་མཁན་ཆེན་དམ་པ་རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་དང་ཆོས་འབྲེལ་ཞུས། ལྷ་ས་ནས་ནག་ཆུའི་ཁར་ཕེབས་སྐབས་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གདན་ཞུ་ལྟར་ཕེབས་ལམ་དུ་དགོན་པ་ཆེ་ཆུང་དུ་མས་གདན་ཞུས་ཀྱིས་ཆོས་འབྲེལ་ཞུས་ཤིང་དད་ལྡན་སྟོང་ཕྲག་དུ་མར་ཆོས་འབྲེལ་བྱིན་རླབས་གནང་།

སྤྱི་ལོ་༡༩༥༢ ལོའི་ཟླ་༡ ཚེས་༡༤ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་གྲའུ་དཔོན་དང་། བླ་སྤྲུལ་མཁན་པོ། དགེ་འདུན་པ་དང་དཔོན་སྡེ་ཁག་སོགས་མང་ཚོགས་སྟོང་ཕྲག་དུ་མས་ཕེབས་བསུ་དང་བཅས་སྐྱེ་རྒུ་དགོན་པའི་འདུ་ཁང་ཆེན་མོའི་གསེར་ཁྲིར་གདན་འདྲེན་ཞུས།སྐབས་དེར་ཀྱཻ་རྡོར་དང་ཕུར་པའི་དབང་ཆེན་སོགས་བསྩལ།གྲའུ་དཔོན་ཚང་དུ་ཁྲོ་བཅུའི་དྲག་པོའི་སྦྱིན་སྲེག་མཛད་སྐབས་ངོ་མཚར་ཆེ་བའི་རྟགས་དུ་མ་བྱུང་། དེ་ནས་ཐར་ལམ་དང་ལབ་དགོན་པ་སོགས་ཆོས་བརྒྱུད་མི་འདྲ་བའི་དགོན་ཁག་དུ་མས་གདན་ཞུས་ཀྱིས་དབང་ལུང་ཁྲིད་གསུམ་སོགས་ཆོས་སྦྱིན་རྒྱ་ཆེར་སྤེལ་གནང་མཛད།

སྤྱི་ལོ་༡༩༥༣ ལོར་རྫོང་གསར་དགོན་པར་ཞབས་སོར་འཁོད་སྐབས་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བླ་སྤྲུལ་མཁན་གྲྭ་སྡེ་དཔོན་མི་མང་སོགས་ཀྱིས་ཕེབས་བསུ་རྒྱ་ཆེར་ཞུས། རིམ་བཞིན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་དང་སྒྲུབ་ཐབས་ཀུན་བཏུས་སོགས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་པ་དང་། དེ་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བླ་སྤྲུལ་དགེ་འདུན་རྣམས་ལ་ཚེ་རྟ་ཟུང་འབྲེལ་དང་།གསེར་ཆོས་ཁྱུང་ནགགུར་ལྷ་བརྒྱད། ཕུར་པ་སྟོད་སྨད་ཀྱི་དབང་ཆེན་སོགས་བསྩལ་གནང་མཛད། མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་ལྟར་རྫོང་གསར་དགོན་པའི་ཕུར་པའི་སྒྲུབ་མཆོད་ཀྱང་ས་སྐྱའི་ལྷ་ཁང་ཆེན་མོའི་ཕྱག་བཞེས་ལྟར་དབུ་བཙུགས་མཛད། ཕུར་པའི་སྨད་ལས་ཉིན་རྗེ་འདིས་ཕུར་འཆམ་མཛད་དེ་གཟིམ་ཁང་དུ་ཕེབས་དུས།རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་བཞེངས་གནང་སྟེ། ངས་དེ་རིང་ཁྱེད་ཉིད་རྡོ་རྗེ་གཞོན་ནུ་དངོས་སུ་མཇལ་བྱུང་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོ་མཛད། མཁྱེན་བརྩེའི་བླ་བྲང་དུ་ཕུར་པའི་གཏོར་ཟློག་མཛད་དུས་གཏོར་མ་ནས་བདུད་རྩི་བབས་པ་དང་ཁྲག་འཛགས་པ་གཞུང་ནས་གསུངས་པའི་རྟགས་མཚན་ངོ་མཚར་བ་དུ་མ་བྱུང་།

༧གོང་ས་རྒྱལ་དབང་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པ་རྒྱ་ནག་ཏུ་ཕེབས་སྐབས་རྗེ་འདི་ཉིད་ཀྱང་དཔལ་ལྡན་ས་སྐྱ་པའི་སྐུ་ཚབ་མཛད་དེ་པེ་ཅིན་དུ་ཕེབས། རྒྱ་ཡུལ་ནས་ཡར་ཕེབས་རྗེས་སླར་ཡང་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་ཀྱཻ་རྡོར་བཀའ་བབ་རྣམ་བཞི་དང་ངོར་ལུགས་དཀྱིལ་འཁོར་བདུན་སོགས་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་བཞེས། ༧གོང་ས་མཆོག་རྒྱ་ཡུལ་ནས་བོད་དུ་ཕེབས་ལམ་སྡེ་དགེར་ཕེབས་སྐབས། རྗེ་འདིས་ཞུས་ངོར་འདུས་པ་སྟོང་ཕྲག་དུ་མར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་གདམས་ངག་མཛོད་ཡོངས་རྫོགས་གསན་བཞེས་དང་། སྡེ་དགེ་དགོན་ཆེན་གྱི་བླ་མ་ཆོས་གྲགས་རྒྱ་མཚོའི་མདུན་ནས་ལམ་འབྲས་སློབ་བཤད་ཀྱི་པོད་བཅུ་བདུན་གྱི་ལུང་ཡོངས་རྫོགས་དང་། ཞལ་བཞི་པའི་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་གསན་པ་དང་། སྐྱེ་རྒུ་དོན་གྲུབ་གླིང་གི་མཁན་པོ་ངག་དབང་རབ་རྒྱས་ཀྱི་མདུན་ནས་གུར་མགོན་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་ཡོངས་རྫོགས་དང་། མངོན་རྟོགས།ལམ་དུས་ཀྱི་ཉམས་ཁྲིད་ཞིབ་རྒྱས་གསན། རྫོང་གསར་མཁན་ཆེན་བྲག་གཡབ་བློ་གྲོས་རྒྱལ་མཚན་ལས་ཤེར་ཕྱིན་སྦས་དོན་ཟབ་མོ་དང་།རྒྱུད་སྡེ་སྤྱི་རྣམ།མངོན་རྟོགས་ལྗོན་ཤིང་ཆེན་མོ། ཚད་མ་རིགས་གཏེར།སྡོམ་གསུམ་རབ་དབྱེ།རྟགས་འཇུག་སོགས་གསན། མདོ་སྲིབ་མཁན་པོ་ཐུབ་བསྟན་རྒྱལ་མཚན་ལས་དབུ་མ་འཇུག་པ། མངོན་པ་མཛོད།མཁན་པོ་གང་ཤར་དབང་པོ་ལས་རྙིང་མའི་རྒྱུད་གསང་བ་སྙིང་པོ་དང་།དགེ་ལུགས་སེར་ཤུལ་དགོན་པའི་མཁན་པོ་ལུང་རིགས་དམ་ཆོས་ལས་ལམ་རིམ་ཆེན་མོའི་བཤད་ལུང་ཡོངས་རྫོགས། མི་ཉག་གོང་དཀར་རིན་པོ་ཆེ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ལས་བཀའ་བརྒྱུད་པའི་ཆོས་སྐོར་དུ་མ། སྡེ་གཞུང་ལུང་རིགས་སྤྲུལ་སྐུ་བསྟན་པའི་ཉི་མ་ལས་སྒྲ་དབྱངས་ཅན་མའི་རི་མོའི་གོ་ཁྲིད་དང་། དམག་ཟོར་མའི་སྣང་གསལ་བཀའ་ཁྲིད། སྡེ་དགེ་བླ་མ་རིན་ཆེན་སྙན་གྲགས་ལས་སི་ཏུའི་སུམ་རྟགས་འགྲེལ་ཆེན་ཀྱི་བཤད་ཁྲིད་སོགས་གསན་བཞེས་མཛད།

མི་ཉག་རི་ཁུད་སྐུ་ཞབས་རིན་པོ་ཆེས་གདན་ཞུས་ལྟར་མི་ཉག་དགོན་པར་ཕེབས་ཏེ་འདུས་པ་མང་པོར་ལམ་འབྲས་ཚོགས་བཤད་དང་སྒྲུབ་ཐབས་བརྒྱ་རྩ། ཕུར་པ་སྟོད་སྨད་ཀྱི་དབང་ལུང་སོགས་ཆོས་སྦྱིན་དུ་མ་མཛད། སྤྱི་ལོ་༡༩༥༧ལོའི་ལོ་མཇུག་ཁམས་ནས་རླངས་འཁོར་ལ་བཞུགས་ནས་ལྷ་སར་ཕྱིར་ཕེབས་གནང་སྟེ་གདན་ས་ཆེན་པོར་མཆོད་འབུལ་བསྙེན་བཀུར་ཕུན་སུམ་ཚོགས་པ་གནང་།

༡༩༥༨ ལོའི་ལོ་སྟོད་ལྷ་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད་པའི་མཛད་སྒོར་ཕེབས་ནས་ས་སྐྱ་ཕུན་ཕོའི་ངོས་ནས་སེ་ར་ཐེག་ཆེན་གླིང་དུ་ཞབས་བརྟན་ལེགས་འབུལ་ཞུས་པ་དང་། སེ་རའི་འདུས་མང་ལ་ཚེ་དབང་དང་རྟ་མགྲིན་གྱི་བཀའ་དབང་བསྩལ།

སྤྱི་ལོ་༡༩༥༨ ལོའི་དུས་འགྱུར་སྐབས་སེ་ར་ནས་འཕན་པོ་ནཱ་ལེནྡྲ་བརྒྱུད་བསམ་ཡས་སོགས་བོད་ཀྱི་ས་མཚམས་བརྒལ་ཏེ་འབྲུག་ཡུལ་དུ་ཕེབས།འབྲུག་ནས་རྒྱ་གར་ཀ་ལོན་སྦུག་དང་། དེ་ནས་རྡོ་རྗེ་གླིང་དུ་ཕེབས་ཏེ་ལོ་གཅིག་དང་ཟླ་བ་ལྔ་ཙམ་བཞུགས། དེ་གར་རྒྱུན་དུ་ཐུགས་དམ་ཉམས་བཞེས་ལྷོད་མེད་དང་གསུང་ཆོས་དུ་མར་བསྩལ། ཆོས་བརྒྱུད་ཆེན་པོ་བཞིའི་ཚོགས་འདུའི་སྐབས་སུ་དཔལ་ས་སྐྱ་པའི་སྐུ་ཚབ་ལན་གཉིས་ཕེབས་གནང་མཛད།

སྤྱི་ལོ་༡༩༦༠ ལོའི་ཟླ་༡༠ ཚེས་༡༢ ཉིན་ཨ་རིའི་ནུབ་རྒྱུད་ཀྱི་ཝ་ཞིང་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར་བདག་ཉིད་ཆེན་པོ་སྐུ་འཁོར་རྣམས་ས་གནས་དེར་ཆིབས་བསྒྱུར་བསྐྱངས་ཏེ་ལོ་མང་རིང་སློབ་གྲྭ་འདིར་བོད་ཀྱི་ཆོས་རིག་སློབ་ཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས།

སྤྱི་ལོ་༡༩༧༤ ལོར་ས་སྐྱ་ཐེག་ཆེན་ཆོས་གླིང་ཞེས་པའི་ཆོས་ཚོགས་ཤིག་དབུ་བཙུགས་གནང་། ཆོས་ཚོགས་དེར་རྗེ་ཉིད་དང་སྡེ་གཞུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མ་རྣམ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་ཆར་བསྙིལ་ཏེ་ནུབ་ཕྱོགས་པའི་ཡུལ་དུ་ནང་པ་སངས་རྒྱས་པའི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། ལོ་དེ་ནས་བཟུང་རྒྱ་གར་སོགས་འཛམ་གླིང་གི་ས་གནས་མང་པོར་ཕེབས་ཏེ་གདུལ་བྱ་དུ་མར་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་དུས་དང་དུས་སུ་བསྙིལ་བར་མཛད།

སྔ་ཕྱིར་ས་སྐྱའི་བླ་མ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གདན་ཞུས་ལྟར་ཡོ་རོབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེར་ཆིབས་སྒྱུར་གྱིས་ཆོས་ཚོགས་དུ་མར་གསུང་ཆོས་ལྷུག་སྩལ་མཛད། དེ་བཞིན་ཨེ་ཤི་ཡའི་སིང་གྷ་པུར་དང་། མ་ལེ་ཤི་ཡ་སོགས་དང་། བྱང་ཨ་རིའི་ཁེ་ན་ཊ་དང་ཨ་མེ་རི་ཀའི་མངའ་སྡེ་འདྲ་མིན་ནང་ཡོད་པའི་ས་སྐྱའི་ཆོས་ཚོགས་ཁག་དང་བོད་རིགས་ཚོགས་པ་ཁག་གི་གདན་ཞུས་ལྟར་ཆིབས་བསྒྱུར་གནང་སྟེ་གདུལ་བྱ་སྟོང་ཚོ་མང་པོར་དབང་ལུང་ཁྲིད་གསུམ་གྱི་ཆོས་སྦྱིན་སྩོལ་གནང་མཛད།

སྤྱི་ལོ་༡༩༨༤ ལོར་ས་སྐྱ་ཐེག་ཆེན་གླིང་ཞེས་པའི་ཆོས་ཚོགས་དེ་ཚོགས་ཁང་ཆེན་པོ་གཞན་ཞིག་ཏུ་གནས་སྤོ་གནང་སྟེ་ས་སྐྱ་བརྩེ་ཆེན་ཀུན་ཁྱབ་ཐེག་མཆོག་མདོ་སྔགས་ཆོས་གླིང་ཞེས་མཚན་གསོལ་གནང་སྟེ། ད་ལྟ་བར་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧དཔལ་ས་སྐྱའི་ཁྲི་ཆེན་༧གོང་མ་རིན་པོ་ཆེ། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ། ༧མགོན་པོ་གང་ཉིད་བཅས་ཀྱིས་གཙོས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེས་ཆེན་དུ་མས་མདོ་དང་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་བདུད་རྩི་བསྩལ་དང་སྩོལ་བཞིན་ཡོད།

སྤྱི་ལོ་༡༩༩༦ ལོར་རྗེ་ཉིད་དང་བདག་མོ་སྐུ་ཞབས་སོགས་སྟོན་འཁོར་ལྷན་རྒྱས་བོད་དུ་ཐེངས་གཅིག་ཕེབས་ཤིང་། དཔལ་ལྡན་ས་སྐྱའི་གདན་ས་དང་། བསམ་ཡས། ཇོ་ཁང་རྣམ་གཉིས་སོགས་ལ་མཆོད་འབུལ་གནས་གཟིགས་དང་འབྲེལ་མང་ཚོགས་ལ་ཆོས་འབྲེལ་གང་འཚམ་བསྩལ།

སྤྱི་ལོ་༢༠༠༣ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བཞུགས་གནས་གཟིམ་ཁང་ཞིག་སྤུས་གཟིགས་གནང་སྟེ་ད་ལྟ་བར་དུ་ས་སྐྱའི་ཕུན་ཕོའི་གདུང་སྲས་སྐུ་གཞོན་རྣམ་གསུམ་རྒྱུན་དུ་ཕེབས་བཞུགས་གནང་བཞིན་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་རྒྱུན་བཞུགས་ཀྱིས་ས་སྐྱ་པའི་ཆོས་སྤྱོད་ཉམས་བཞེས་དང་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་གནང་བཞིན་ཡོད་པ་དང་། དེའི་རྗེས་སུ་སྤྱི་ལོ་༢༠༠༦ནས་བཟུང་རྒྱ་གར་ཤར་ཕྱོགས་ཀྱི་ས་མཚམས་འབྲུག་ཕུན་ཚོགས་གླིང་དང་ཐག་ཉེ་བའི་ས་གནས་ཇེ་ཡེ་གྷུན་དུའང་དགོན་པ་གསར་བཞེངས་ཀྱི་ལས་གཞི་དབུ་འཛུགས་གནང་སྟེ་ཕྱག་མཛོད་འཇམ་དབྱངས་རྒྱལ་མཚན་གྱིས་ལྡི་ལིའི་ཕོ་བྲང་དང་གནས་གཞི་གསར་པ་འདི་གཉིས་ལ་ལྟ་རྟོག་བྱེད་བཞིན་ཡོད།

ཨ་རིའི་ས་སྐྱ་དགོན་པ་འདིར་འདས་པའི་ལོ་ངོ་སུམ་ཅུའི་རིང་ནུབ་ཕྱོགས་པ་བརྒྱ་སྟོང་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་ཉམས་ལེན་བྱས་དང་བྱེད་བཞིན་ཡོད་པ་དང་། ས་གནས་བོད་རིགས་རྒན་དར་བྱིས་གསུམ་མང་པོས་ཀྱང་བོད་ཀྱི་དུས་ཆེན་ནམ་ཤར་ལ་ས་སྐྱ་དགོན་པར་འཛོམས་ནས་བསྟན་སྲིད་ཞབས་རིམ་སྒྲུབ་རྒྱུ་དང་། བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་སོགས་ཧ་ཅང་གལ་ཆེ་བའི་ཆོས་དང་རིག་གཞུང་གི་བསྟི་གནས་ཤིག་ཆགས་ཡོད།

གཞན་ཡང་ཐེ་ཝན་དང་། ཧོང་ཀོང་། ཝིཏ་ནམ་བཅས་རྒྱལ་ཁབ་དང་ས་གནས་མི་འདྲ་བར་ཆོས་ཚོགས་གསར་འཛུགས་གནང་སྟེ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་གནང་བ་མ་ཟད། དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཐེངས་ཁ་ཤས་ཆིབས་བསྒྱུར་སྐྱོང་གནང་མཛད།

ལྷག་དོན་དུ་དཔལ་ས་སྐྱའི་གསང་ཆེན་ལམ་འབྲས་ཆེན་མོ་བོད་ཕྱི་ནང་གཉིས་སུ་ཐེངས་ ༥ བསྩལ་གནང་མཛད་དེ་ཕྱི་ནང་སློབ་མ་སྟོང་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་དུ་འགོད་གནང་མཛད། མཐར་སྤྱི་ལོ་༢༠༡༦ ཟླ་༤ ཚེས་༢༩ བོད་མེ་སྤྲེལ་ལོའི་ཟླ་༣ ཚེས་༢༢ ཕྱི་དྲོའི་ཆུ་ཚོད་༨ སྐར་མ་༡༥ སྟེང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་ཅིང་། ཐུགས་དམ་འོད་གསལ་ལ་ཉིན་གྲངས་དུ་མར་བཞུགས་བཞིན་པ་དང་འཇའ་འོད་ངོ་མཚར་བ་ཤར་བ་སོགས་མདོ་རྒྱུད་བསྟན་བཅོས་ལས་གསུངས་པའི་སངས་རྒྱས་བྱང་སེམས་རྣམས་ཞིང་གཞན་དུ་གཤེགས་དུས་ཀྱི་རྟགས་མཚན་དུ་མ་མངོན་དུ་གྱུར་པ་མཛད་པའི་མཛད་རྣམ་སྙིང་བསྡུས་སུ།
མཛད་རྣམ་སྙིང་བསྡུས་འདི་ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོས་བཏང་བར་གཞིར་བྱས་ནས་བྲིས།