སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་ཏེ་སེམས་ཁམས་རིག་པའི་སྐོར་ལ་སོ་སོས་ཉམས་ལེན་བྱོས་ཞེས་བཀའ་སྩལ།

ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་གཉིས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་འདུག་པ།
སྤྱིར་དེ་རིང་ཡང་ནམ་རྒྱུན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རི་དང་། འཇར་མན། ཡུ་རོབ། ཝའེ་ཝན། ཝེ་དུ་ནམ། བལ་ཡུལ། རྒྱ་གར་གྱི་ཡུལ་ལུང་འདྲ་མིན་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ལྷག་ལ་མཇལ་ཁ་གནང་བ་དང་། ལྷག་ཏུ་ཧི་མ་ལ་ཡ་ནཱ་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སོགས་ཀྱིས་མནྡྲལ་རྟེན་གསུམ་འདེགས་འབུལ་དང་བཅས་ངོས་བཞེས་གནང་མཐར་བཀའ་སློབ་སྩལ་དོན། ང་ཚོའི་དཔེ་ཆའི་ནང་དུ་སེམས་ཁམས་རིག་པ་བློའི་འགྲོ་སྟངས་ཧ་ཅང་གསལ་པོ་འདུག དེ་ཨིན་ཡིག་ཏུ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་ངོ་ཤེས་པ་ཚན་རིག་པ་མང་པོས་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག སྐྱེ་བ་སྔ་ཕྱི་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མི་དགོས་པར་འཕྲལ་དུ་སེམས་ཞི་བདེ་ཇི་ལྟར་བཟོ་དགོས་པ་རེད་ཅེས་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་འདུག དེར་བརྟེན། ངོས་ཀྱིས་འདིར་སེམས་ཁམས་རིག་པའི་འགྲོ་སྟངས་ཏོག་ཙམ་ཤོད་བཞིན་ཡོད། སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་ཏེ་སེམས་ཁམས་རིག་པའི་སྐོར་ལ་སོ་སོས་ཉམས་ལེན་བྱོས། གང་ལྟར་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་ལ་སེམས་ཇི་ལྟར་འདུལ་དགོས་པ་དང་། སེམས་འདུལ་ཐབས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དཔེ་ཆ་བའི་ནང་དུ་སེམས་མ་དུལ་བ་དེ་འདྲ་ཡོང་གི་འདུག དེ་ལ་བལྟ་རྒྱུ་ཡོད་པ་མ་རེད། དེ་དག་ནི་དཀོན་མཆོག་གོང་ཕུད་རེད། སྤྱིར་བཏང་ཆོས་པ་དང་། དེའི་ནང་ཚན་ནས་གྲྭ་ཆས་གྱོན་མཁན་ཁྱོད་རང་ཚོས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་བྱོས། སློབ་སྦྱོང་བྱེད་པ་དང་ཆབས་ཅིག་སོ་སོའི་རྒྱུད་ཞི་བདེ་ཡོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་བཀའ་དྲིན་སྩལ་འདུག དེ་བཞིན་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེག་རྩེ་རིན་པོ་ཆེས་གསར་འགོད་པ་ཚོ་ལ་ཐེངས་འདིའི་མཇལ་ཁ་དང་འབྲེལ་ཏེ། སྔོན་མ་རྒྱ་གར་གཞུང་གིས་བོད་ཡིག་གམ་བྷོ་ཊིའི་ཡི་གེ་ངོས་ལེན་མེད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་ཞལ་བཞེས་བཟང་བོ་ཐོབ་ཡོད་པས། དེ་ནི་ཧ་ཅང་གིས་གནས་ཚུལ་བཟང་པོ་ཞིག་ཡིན་པ་དང་། དེའི་སྐོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུ་རྒྱུ་བྱུང་བར་གསུངས་འདུག ཁོང་གིས། རྒྱ་གར་གཞུང་གིས་བོད་ཡིག་དེ་ངོས་འཛིན་ཐོབ་པ་བཞིན་དུ། ལ་དྭགས་ནས་ཨ་རུ་ན་ཅལ་བར་དུ་བོད་ཡིག་དེ་དགོན་སྡེ་དང་འཛིན་རིམ་བཅུ་གཉིས་བར་དུ་སློབ་སྦྱོང་དང་ལག་འཁྱེར་ངོས་ལེན་ཡོད་པ་ཞིག་ཞལ་བཞེས་ཐོབ་ཡོད། མ་འོངས་པར་སངས་རྒྱས་བསྟན་པ་རྒྱ་གར་ཙམ་དུ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུའང་གོང་སྤེལ་ཡོང་བར་སྐྱབས་འཇུག་ཞུས་ཡོད་ལ། ང་ཚོའི་དམིགས་ཡུལ་དེ་ཡིན། ཞེས་གསུང་ལན་གནང་འདུག གཞན་ཡང་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དགེ་བཤེས་ཆོས་འཕེལ་བཟོད་པ་ལགས་ཀྱིས། རྒྱ་གར་གཞུང་གིས་བྷོ་ཊའི་ཡི་གེ་ངོས་ལེན་བྱས་ཏེ་ལོ་གཅིག་ཙམ་འགྲོ་བཞིན་ཡོད་པ་དང་། དེ་དང་བསྟུན་ནས་ཚན་རིག་དང་ནང་དོན་རིག་པ་སོགས་ཀྱི་སློབ་དེབ་བཟོས་ཏེ། ད་ལྟ་བར་དུ་ཧི་མ་ལ་ཡའི་ནང་དགོན་སྡེ་དང་སློབ་གྲྭ་གྲངས་ ༣༥ ཙམ་ལ་སློབ་སྦྱོང་མགོ་ཚུགས་ཡོད་པ་དང་། རིམ་བཞིན་མཐོ་རིམ་སློབ་གྲྭའི་བར་དུ་སློབ་སྦྱོང་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ། དེའི་སྐོར་༧གོང་ས་མཆོག་ལ་སྙན་གསན་ཞུ་སྐབས་ཁོང་རྣམ་པས་ལས་ཀ་ཡག་པོ་བྱས་ཡོད་པ་མགོན་པོ་གང་ཉིད་ནས་བསྔགས་བརྗོད་དང་ཐུགས་སྨོན་གནང་བའི་སྐོར་གསར་འགོད་པ་དག་ལ་ལན་འདེབས་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།