སཱ་ར་མཐོ་སློབ་ཏུ་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ།

ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་དང་། སྲོལ་རྒྱུན་ལ་ལྟ་སྟངས་མ་འདྲ་བ་སོགས་མ་འདྲ་བ་འབྱུང་གི་ཡོད་པ་དེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ན་ཡང་། མི་རང་རང་གི་ལྟ་བ་གལ་ཆེན་པོ་ཡིན་པ་བཞིན་མི་གཞན་གྱི་ལྟ་བར་བསྟུན་ཤེས་བྱ་རྒྱུ་གལ་ཆེ་སྐོར་༧དཔལ་རྒྱལ་བ་ཀརྨ་པས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ དང་སྐར་མ་༣༠ ཡས་མས་ལ་དྷ་སའི་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དེར་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་དབུས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། བཀའ་དྲུང་སྟོབས་རྒྱལ། ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དགོན་སྡེ་གྲྭ་ཚང་ཁག་གི་ཕྱག་མཛོད་དང་། ཚོགས་པ་ཁག་གི་སྐུ་ཚབ། རིགས་སློབ་མ་ལགས་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དང་དགེ་ལས་སློབ་མ་སོགས་ཁྱོན་མི་གྲངས་༡༠༠༠ ཡས་མས་ཤིག་འཛོམས་འདུག

མཛད་སྒོའི་ཐོག་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་དང་། དབུ་མ་རབ་འབྱམས་པ། ཕར་ཕྱིན་རབ་འབྱམས་པ། སཱ་ར་མཐོ་སློབ་ཀྱི་སྐབས་༡༦ པ་བཅས་ཀྱི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་དང་།  སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་དང་། དངུལ་གཉེར་དང་སྐད་ཡིག་འཛིན་གྲྭའི་ནང་ཆོས་དགེ་རྒན་སྤེན་པ་ཚེ་རིང་གཉིས་ལ་ཞབས་ལོ་༢༠ སོན་པའི་གཟེངས་བསྟོད་ཕྱག་འཁྱེར་སོགས་གཟེངས་རྟགས་ཁག་ཅིག་དང་། བོད་རིག་པའི་ཕྱག་དེབ་དང་མཐར་ཕྱིན་སློབ་མ་རྣམས་ཀྱིས་བརྩམས་པའི་དཔེ་དེབ་ཁག་བཅས་དབུ་འབྱེད་གནང་སོང་།

ཐོག་མར་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་གྱིས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ཁོང་གིས་ཕེབས་བསུ་དང་སྦྲགས་རིགས་ལམ་སློབ་གཉེར་ཁང་ནི་ཕྱི་ལོ་༡༩༧༣ ལོར་༧གོང་ས་མཆོག་གི་དགོངས་གཞིའི་འོག དགེ་བའི་བཤེས་གཉེན་ཆེན་པོ་ཞིང་གཤེགས་དམ་པ་དབུ་དགེ་བློ་བཟང་རྒྱ་མཚོ་མཆོག་གིས་དངོས་སུ་གསར་བསྐྲུན་མཛད་པ་ཞིག་ཡིན་པ་དང་། དེ་ཡང་གཏན་སློབ་ཀྱི་སློབ་མ་རྣམས་ལ་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་གཞིར་བཟུང་ཐོག་ནས་ནང་ཆོས་སློབ་ཁྲིད་བྱ་ཡུལ་གྱི་སློབ་གཉེར་ཁང་ཞིག་ཡིན་པ་སོགས་རིགས་ལམ་སློབ་གཉེར་ཁང་གི་སློབ་གཉེར་གནང་ཕྱོགས་དང་སློབ་ཚན་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་སོང་།

དེ་རྗེས་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་གིས་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟར་ན།  སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་༧གོང་ས་མཆོག་གི་སྐུ་དྲིན་འོག རིགས་ལམ་སློབ་གཉེར་ཁང་གི་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོས་དགོངས་པ་ཆེར་བཞེས་དང་སྐུ་ངལ་ཆེན་པོའི་འོག་ཕྱི་ལོ་༡༩༩༡ ལོར་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༡༩༩༧ ལོར་བོད་གཞུང་ཤེས་རིག་ལྷན་ཁང་གིས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ངོས་འཛིན་གནང་ནས་ད་བར་གཙུག་ལག་རབ་འབྱམས་པའི་སློབ་ཐོན་པ་༡༣ དང་། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཐོན་པ་༣༩༢། ཤེས་རིག་ལས་ཁུངས་དང་མཉམ་གཉེར་འབྲིང་རིམ་དགེ་རྒན་འོས་སྦྱོར་ཐོན་པ་༤༣། དམའ་རིམ་དགེ་རྒན་འོས་སྦྱོང་ཐོན་པ་༡༥༠། ཧི་མ་ལ་ཡ་རི་བརྒྱུད་ཀྱི་ཆེད་དུ་དགེ་འོས་ཐོན་པ་༡༥༠། གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་མཉམ་གཉེར་ལས་བྱེད་འོས་སྦྱོང་ཐོན་པ་༢༩༠། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་ཐོན་པ་༢༠༩ བཅས་བསླབ་པ་མཐར་སོན་བྱུང་ཡོད་པ་རེད་ལ།

དེ་བཞིན་སློབ་ཐོན་སློབ་མ་ཕལ་མོ་ཆེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། དགེ་རྒན་ཆེན་མོ། གཞུང་ཞབས་པ། རྩོམ་སྒྲིག་པ། ཡིག་སྒྱུར་བ། གཞི་རིམ་གྱི་དགེ་རྒན། གསར་འགོད་པ་སོགས་བོད་ཀྱི་རིག་གནས་ཀྱི་རྐང་འཛིན་ལྟ་བུར་གྱུར་ཡོད་པ་རེད་འདུག གཞན་ད་དུང་ཕྱི་རྒྱལ་མཐོ་སློབ་ཁག་དང་རིག་གཞུང་བརྗེ་ལེན་གྱི་ལས་གཞི་སོགས་ལས་གཞི་འདྲ་མིན་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་ཁར། ལྷག་པར་༢༠༡༦ དདང་༢༠༡༧ ལོ་ནང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལམ་སྟོན་དང་སློབ་ཡོན་མཐུན་འགྱུར་འོག་སློབ་གཉེར་བ་༡༧ ལ་ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭ་འགྲོ་མུས་ཐོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེའི་ལམ་སྟོན་དང་། རང་གཞུང་བཀའ་ཤག་གི་འགྲོ་གྲོན་མཐུན་འགྱུར་འོག་སྲི་ཞུའི་ལས་བྱེད་དམིགས་སྒོ་ལས་བྱེད་འོས་སྦྱོང་གི་ལས་གཞི་གསར་འཛུགས་བྱས་ནས་ལོ་༥ ཡི་རིང་མཉམ་གཉེར་བྱ་རྒྱུ་ཡིན་པ་སོགས་ཀྱི་ལས་བསྡོམས་འདུག

དེ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་བསླབ་པ་མཐར་སོན་གྱི་ལག་ཁྱེར་ནི་ལོ་མང་རིང་དཀའ་ལས་བརྒྱབས་པ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་འདྲའི་གྲུབ་འབྲས་ཡག་པོ་བྱུང་བར་སློབ་དཔོན་དང་དགེ་རྒན་རྣམ་པས་ཀྱང་དེ་ནང་བཞིན་སྐུ་ལས་བསྐྱོན་ཡོད་སྟབས་སློབ་ཐོན་པ་དང་། སློབ་དཔོན་རྣམ་པ། འགན་འཛིན་ལས་བྱེད་སོགས་ཚང་མར་ལེགས་གསོའི་བསྔགས་བརྗོད་ཡོད་སྐོར་དང་། དེ་བཞིན་སློབ་མ་རྣམས་བསླབ་པ་མཐར་སོན་དུས་ཐོག་མར་གསར་འཛུགས་གནང་སྐབས་༧གོང་ས་མཆོག་གིིས་དམིགས་བསལ་བཀའ་སློབ་གང་གནང་ཡོད་པ་རྣམས་ཡིད་ལ་དྲན་རྒྱུ་གལ་ཆེ་སྐོར། གཞན་ཡང་། བསླབ་པ་མཐར་སོན་པ་ཚོ་ཚེ་དང་སྒྲུབ་པ་མཉམ་མཁན་ཞིག་མིན་ཚེ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་ཀ་བྱེད་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། རིགས་ལམ་སློབ་གཉེར་ཁང་དུ་ད་ལྟ་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཆེན་པོ་བཞི་རིས་མེད་ཀྱི་གཞུང་ཆེན་ཁག་ལ། སློབ་གཉེར་གནང་ནས་རིས་མེད་སློབ་དཔོན་ཐོན་རྒྱུ་ཡོད་པ་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས། དེ་དགེ་མཚན་ཆེན་པོ་ཡིན་སྐོར་དང་། མ་ཟད་ཁྱིམ་པ་ཕོ་མོ་དབུ་མ་རབ་འབྱམས་པ་དང་། ཕར་ཕྱིན་རབ་འབྱམས་པཐོན་མཁན་ཚང་མར་འཚམས་འདྲི་ཡོད་སྐོར་བཅས་གསུངས་སོང་ལ། དེ་བཞིན་ཁོང་གིས་རང་རེའི་རིག་གནས་ཐམས་ཅད་ཀྱི་གཞི་རྟེན་ལྟ་བུར་གྱུར་པའི་བོད་ཀྱི་སྐད་ཡིག་ལ་མཚོན་ན་བསྟན་བཅོས་ཀྱི་སྐད་དང་ཕལ་སྐད་ལྟ་བུ་གཉིས་ཡོད་པ་དང་། དེ་གཉིས་ཀྱི་བར་ན་ཧེ་བག་ཆེན་པོ་ཡོད་པ་དེ་ང་ཚོས་མཐོང་ཁག་ཀྱང་ཕྱི་རྒྱལ་བ་བོད་སྐད་སྦྱོང་མཁན་ཚོས་ལས་སླ་པོར་ཚོར་ཐུབ་པས། དེ་དག་གི་ཐོག་ལ་མ་འོངས་པར་བགྲོ་གླེང་དང་ཞིབ་འཇུག་བྱ་ཐུབ་ན་དགེ་མཚན་ཆེ་སྐོར། གཞན་ཡང་། བོད་སྐད་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོད་མཁན་རྣམས་བང་བསྒྲིགས་ནས་སཱ་རར་འཛུལ་མཁན་ཡོད་པའི་གནས་སྟངས་འདིས། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་དགོས་མཁོ་བསྐངས་ཐུབ་ཀྱི་ཡོད་པ་བསྟན་གྱི་ཡོད་སྐོར་དང་། གཞན་ད་དུང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་དང་། སྲོལ་རྒྱུན་ལ་ལྟ་སྟངས་མ་འདྲ་བ་སོགས་མ་འདྲ་བ་འབྱུང་གི་ཡོད་པ་དེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ན་ཡང་། མི་རང་རང་གི་ལྟ་བ་གལ་ཆེན་པོ་ཡིན་པ་བཞིན་མི་གཞན་གྱི་ལྟ་བར་བསྟུན་ཤེས་བྱ་རྒྱུ་གལ་ཆེ་སྐོར། དེ་བཞིན་སོ་སོ་མི་སྒེར་གྱི་ལྟ་བ་མི་འདྲ་བའི་རྒྱུ་མཚན་གྱིས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ན་མི་འགྲིག་པ་དང་། རང་དོན་ཁོག་བཅངས་བྱས་ནས་སྤྱི་ཚོགས་དང་མཐུན་སྒྲིལ་གཏོར་བཤིག་བཏང་ན་ཡག་པོ་མིན་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་ཟབ་རྒྱས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།