སཱེ་ཁོ་ཊ་ལན་ཌ་ནང་རང་བཙན་དོན་གཉེར་བའི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག
དབྱིན་ཡུལ་གྱི་ཆ་ཤས་སུ་གནས་ཡོད་པའི་སཱེ་ཁོ་ཊ་ལན་ཌ་ནང་གི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། རང་བཙན་དོན་གཉེར་བའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་འདུག་པས། ཚོགས་པ་དེའི་འགོ་ཁྲིད་ཀྱིས་དབྱིན་ཡུལ་འོག་ཏུ་གནས་སྡོད་ཡོད་མེད་ཀྱི་མང་མོས་ཐག་གཅོད་འོས་བསྡུ་གོ་སྒྲིག་བྱེད་འཆར་ཡོད་སྐོར་བརྗོད་འདུག
ཟླ་༥ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་དབྱིན་ཡུལ་གྱི་ཆ་ཤས་སུ་གནས་ཡོད་པའི་སཱེ་ཁོ་ཊ་ལན་ཌ་(Scotland)ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། གྲུབ་དོན་དུ་རྒྱལ་ཁབ་དེ་དབྱིན་ཡུལ་འོག་ནས་ཐོན་ནས་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་འོག་གནས་བར་རྒྱབ་སྐྱོར་བྱེད་མཁན་སཱེ་ཁོ་ཊ་ལན་ཌ་རྒྱལ་ཡོངས་མི་མང་སྲིད་དོན་ཚོགས་པར། རྐུབ་སྟེགས་༦༤ ཐོབ་འདུག་པ་དང་། དེ་ནི་རྐུབ་སྟེགས་༡༢༩ ཡོད་པའི་སཱེ་ཁོ་ཊ་ལན་ཌའི་གྲོས་ཚོགས་ནང་མང་མོས་ཀྱི་རྐུབ་སྟེགས་གྲངས་ལོན་པར་རྐུབ་སྟེགས་གཅིག་ཉུང་དྲགས་པ་ཡིན་འདུག འོན་ཀྱང་སྲིད་དོན་ཚོགས་པ་དེའི་མཐུན་ཕྱོགས་ལྗང་ཁུ་སྲིད་དོན་ཚོགས་པར་རྐུབ་སྟེགས་༨ ཐོབ་འདུག་པས། གྲོས་ཚོགས་ནང་དུ་ཐག་གཅོད་གང་བྱེད་ཀྱང་དགོས་ངེས་ཀྱི་མང་མོས་རྐུབ་སྟེགས་གྲངས་ལོན་གྱི་ཡོད་ཁར། གཞུང་འཛིན་གྱི་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཡང་བྱེད་ཆོག་གི་ཡོད་འདུག་པས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལྕམ་ནཱི་ཁོ་ལ་སེ་ཀྲེར་ཇོན་གྱིས། ཁོང་གི་སྲིད་དོན་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ཡོད་པ་དང་། ལས་དོན་གལ་གནད་ཆེ་ཤོས་དང་པོ་དེ་ནི་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱས་ཏེ། སཱེ་ཁོ་ཊ་ལན་ཌ་མི་མང་ལ་བདེ་འཇགས་བསྐྲུན་རྒྱུ་དེ་ཡིན་ཡང་། ཁོང་གི་སྲིད་དོན་ཚོགས་པས་སཱེ་ཁོ་ཊ་ལན་ཌ་མི་མང་ལ། དབྱིན་ཡུལ་འོག་ནས་ཐོན་ཏེ་རང་བཙན་གྱི་གནས་བབ་འོག་གནས་འདོད་ཡོད་མེད་ཐོག རྒྱལ་ཡོངས་སུ་མང་མོས་འོས་བསྡུ་ཐག་གཅོད་གཅིག་གོ་སྒྲིག་བྱེད་འཆར་ཡོད་པ་དང་། དབྱིན་ཡུལ་གྱི་སྲིད་དོན་མི་སྣ་སུས་མང་མོས་འོས་བསྡུ་ཐག་གཅོད་དེའི་ལམ་བུར་འགོག་རྐྱེན་བཟོ་ཐབས་བྱས་ཚེ། དེ་ཚོ་ནི་ཁོང་གི་སྲིད་དོན་ཚོགས་པར་ཁ་གཏད་གཅོག་གི་མེད་ཁར། སཱེ་ཁོ་ཊ་ལན་ཌ་མི་མང་གི་མང་གཙོའི་མངོན་འདོད་ལ་ཁ་གཏད་གཅོག་གི་ཡོད་པ་ཡིན་སྐོར་གྱི་ཉེན་བརྡ་བཏང་འདུག
དེ་ཡང་སཱེ་ཁོ་ཌ་ལན་ཌ་ནང་དུ་རང་བཙན་དགོས་མིན་གྱི་མང་མོས་འོས་བསྡུ་ཐག་གཅོད་བྱེད་པར། དབྱིན་ཡུལ་གྱི་སྲིད་བློན་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད་འདུག ཕྱི་ལོ་༢༠༡༤ ལོར་སཱེ་ཁོ་ཌ་ལན་ཌ་ནང་མང་མོས་འོས་བསྡུ་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་དབྱིན་ཡུལ་འོག་ཏུ་གནས་རྒྱུར་རྒྱབ་སྐྱོར་བྱེད་མཁན་མང་བ་བྱུང་ཡོད་པ་རེད། ད་ལྟའི་དབྱིན་ཡུལ་སྲིད་བློན་སྐུ་ཞབས་བྷོ་རི་སེ་ཇོན་སོན་གྱིས་ཕྱི་ལོ་༢༠༡༤ ལོར་མང་མོས་འོས་བསྡུ་ཐག་གཅོད་བྱས་པ་དེ་ནི། མི་རབས་གཅིག་གི་རིང་ལ་ཐེངས་གཅིག་སྤེལ་རྒྱུ་ཡོད་པའི་ལས་དོན་ཞིག་ཡིན་པས། མ་འོངས་པར་དེ་འདྲ་ཞིག་བསྐྱར་དུ་ཡོང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཡོད་འདུག
འོན་ཀྱང་ཕྱི་ལོ་༢༠༡༦ ལོར་དབྱིན་ཡུལ་མི་མང་གིས་མང་མོས་འོས་བསྡུ་ཐག་གཅོད་བརྒྱུད་ནས། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། སྐབས་དེར་སཱེ་ཁོ་ཊ་ལན་ཌ་མི་མང་བརྒྱ་ཆ་༦༢ ཀྱིས་ཡུ་རོབ་མཐུན་ཚོགས་ནང་དུ་མུ་མཐུད་དུ་གནས་རྒྱུ་ཡིན་པའི་འོས་ཤོག་འཕངས་ཡོད་པས། དེ་དུས་ནས་མ་འོངས་པར་སཱེ་ཁོ་ཊ་ལན་ཌ་ནང་རང་བཙན་གྱི་མང་མོས་འོས་བསྡུ་ཐག་གཅོད་ལས་དོན་ཞིག་ཡོང་སྲིད་པ་ཚོད་དཔག་བྱེད་མཁན་མང་པོ་བྱུང་འདུག
སཱེ་ཁོ་ཊ་ལན་ཌ་རྒྱལ་ཡོངས་མི་མང་སྲིད་དོན་ཚོགས་པའི་འགོ་ཁྲིད་ལྕམ་ནཱི་ཁོ་ལ་སེ་ཀྲེར་ཇོན་གྱིས་བཅར་འདྲི་ཞིག་གི་ཐོག་ལ། མི་མང་གིས་ཁོང་གི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཆེན་པོ་བྱས་པ་དེས། མོ་ལ་རང་བཙན་དགོས་མིན་གྱི་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་པའི་དབང་ཚད་ཐོབ་ཡོད་པ་དང་། ད་ལྟའི་ཆར་དབྱིན་ཡུལ་གཞུང་གིས་མང་མོས་འོས་བསྡུ་ཐག་གཅོད་་དེའི་གྲུབ་དོན་ལ་གུས་བརྩི་བྱེད་མིན་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་དེས། ད་ཡོད་དབྱིན་ཡུལ་གཞུང་གིས་སཱེ་ཁོ་ཊ་ལན་ཌའི་མང་གཙོར་གུས་བརྩི་བྱེད་ཀྱི་མེད་པའི་རྣམ་པ་གསལ་པོ་ཐོན་གྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།