སི་ཀོ་ཊི་ན་ཌའི་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་ཐད་བོད་མི་ཚོས་རང་ཐག་རང་གཅོད་བྱ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས།
སི་ཀོ་ཊི་ལན་ཌའི་གཞུང་གིས་གྲོས་ཚོགས་སུ་བོད་མིའི་ཆོས་དད་རང་དབང་དང་། ལྷག་པར་དུ་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག བོད་མི་ཚོས་རང་དབང་ངང་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ལ་གཞུང་འབྲེལ་གྱི་རྒྱབ་སྐྱོར་ཡོད་པ་གསལ་པོ་བསྟན་འདུག

ཟླ་འདིའི་ཚེས་༢༢ ཉིན་སི་ཀོ་ཊི་ལན་ཌའི་གྲོས་ཚོགས་ཀྱི་དྲི་བ་དྲིས་ལན་ཞིག་གི་སྐབས་སུ། ནུབ་སི་ཀོ་ཊི་ལན་ཌའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་གྷི་རི་ཡར་༼Ross Greer༽ གྱིས། སི་ཀོ་ཊི་ལན་ཌའི་གཞུང་ལ་དད་མོས་དང་ཆོས་ལུགས་ཀྱི་སྡེ་ཁག་ལ་རྒྱབ་སྐྱོར་གནང་བའི་ལས་དོན་དང་འབྲེལ། སི་ཀོ་ཊི་ལན་ཌའི་གཞུང་ལ་ལོ་འདིའི་ཟླ་༧ ཚེས་༦ ཉིན་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བར་རྒྱལ་ནང་གི་ནང་པའི་ཚོགས་སྡེ་དང་མཉམ་དུ་གཞུང་འབྲེལ་མཉམ་ཞུགས་གནང་རྒྱུའི་འཆར་གཞི་གང་ཡོད་དམ་ཞེས་དྲིས་པར། འདྲ་མཉམ་ལས་དོན་བློན་ཆེན་༼Minister for Equalities༽ ལྕམ་ཀོ་ཀབ་སི་ཊི་ཝར་ཊི་༼Kaukab Stewart༽ མཆོག་གིས། སི་ཀོ་ཊི་ལན་ཌའི་གཞུང་གིས་རྒྱལ་ནང་གི་ནང་པའི་ཚོགས་སྡེ་ཚུད་པའི་དད་མོས་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཡོངས་ཀྱི་མཛད་རྗེས་རྣམས་གལ་ཆེན་དུ་རྩི་བཞིན་ཡོད་ཅེས་དང་།
༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་གལ་ཆེན་འདིའི་སྐབས། སི་ཀོ་ཊི་ལན་ཌའི་གཞུང་གི་ཚབ་ཞུས་ནས། ངོས་ནས་༧གོང་ས་མཆོག་དང་སི་ཀོ་ཊི་ལན་ཌའི་ནང་པའི་ཚོགས་སྡེ་ལ་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་ཀྱིས་ཁོང་རྣམ་པས་རྒྱལ་ཡོངས་སུ་ཞི་བདེ་དང་། སྙིང་རྗེ། རིག་གཞུང་གི་སྣེ་མང་རང་བཞིན་བཅས་དར་སྤེལ་གཏོང་བའི་ཐད་ཀྱི་ནུས་པ་ལ་ངོས་འཛིན་དང་ཆེ་མཐོང་ཞུ་བཞིན་ཡོད་ཅེས་ལན་འདེབས་གནང་འདུག
དེ་བཞིན་སྐུ་ཞབས་རོ་སི་གྷི་རི་ཡར་གྱིས། བློན་ཆེན་མཆོག་གིས་གཞུང་གི་ཚབ་ཞུས་ནས་གསུང་བཤད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནང་པའི་ཚོགས་སྡེ་ཡང་དེ་བཞིན་དགའ་ཚོར་ཡོང་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད་ཅེས་གསུངས་རྗེས།
ཁོང་གིས་སི་ཀོ་ཊི་ལན་ཌ་དང་འཛམ་གླིང་ཡོངས་སུ་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་མཁན་རྣམས་ཀྱི་གནད་དོན་གལ་འགངས་ཆེ་ཤོས་ཞིག་ནི་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་དེ་ཆགས་ཀྱི་ཡོད་པ་དང་།
ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་ཟླ་བ་འདིར། ༧པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སྐབས། རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཞུས་པའི་ལོ་དྲུག་ལ་སོན་པའི་བྱིས་པ་དང་ཁོང་གི་ནང་མི་སོགས་རྒྱ་གཞུང་གིས་འཕྲལ་དུ་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་པཎ་ཆེན་རྫུན་མ་ཞིག་ཁོང་གི་ཚབ་ཏུ་བསྐོ་གཞག་བྱས་ཡོད་པར། ནང་པ་ཚོས་རྒྱ་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་རྗེས་མའི་ཐད་ལ་ཡང་དེ་མཚུངས་ཀྱི་བྱ་ངན་སྤེལ་སྲིད་པར་དོགས་པ་བྱེད་བཞིན་ཡོད། སི་ཀོ་ཊི་ལན་ཌའི་གཞུང་གིས་ཆོས་ལུགས་ཚོགས་སྡེ་མང་པོའི་དབུ་ཁྲིད་རྣམ་པ་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་གནང་བཞིན་ཡོད་ལ། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ཀྱང་སི་ཀོ་ཊི་ལན་ཌར་ཐེངས་མང་ཕེབས་གནང་ཡོད། ༧གོང་ས་མཆོག་གི་སྐུ་ཕྲེང་བཅོ་ལྔ་པ་མཆོག་ནི་བོད་ཀྱི་ནང་པ་ཚོས་རང་གི་ལམ་སྲོལ་དང་གསུང་རབ་༼Teaching༽ ཀྱི་དགོངས་དོན་ལྟར་ངོས་འཛིན་ཞུ་དགོས་པ་དང་། སི་ཀོ་ཊི་ལན་ཌའི་གཞུང་གིས་ཀྱང་དེ་ལྟར་བསྐོ་གཞག་གནང་བའི་༧གོང་ས་མཆོག་ཁོ་ནར་ངོས་འཛིན་གནང་རྒྱུ་ཡིན་ནམ་ཞེས་དྲིས་པར།
བློན་ཆེན་གྱིས་སྐུ་ཞབས་རོ་སི་གྷི་རི་ཡར་ནས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་དེ་དག་གྲོས་ཚོགས་སུ་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། ཁོང་གིས་༼ངས་ཤེས་རྟོགས་བྱུང་བར། གྲོས་ཚོགས་འཐུས་མི་ཁོང་ཟླ་བ་བཞི་པའི་ནང་རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་འདུག སི་ཀོ་ཊི་ལན་ཌའི་གཞུང་གིས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། གཞུང་གིས་བོད་ཀྱི་ནང་པའི་ཚོགས་སྡེས་ཕྱི་ཕྱོགས་ཀྱི་ཐེ་བྱུས་མེད་པར་༧གོང་ས་མཆོག་གི་ཡང་སྲིད་རྗེས་མ་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་ཡོད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།