སི་ཝེ་ཌན་གཞུང་གིས་འཛམ་གླིང་ཡུ་གུར་ཚོཌ་པའི་ལས་བྱེད་རྒྱ་མིའི་སོ་པ་ཞིག་འཛིན་བཟུང་བྱས་ཡོད་འདུག
ཡུ་གུར་བ་རྣམས་ལ་སོ་མྱུལ་བྱས་པའི་དོགས་གཞིའི་འོག་སི་ཝེ་ཌན་གཞུང་གིས་འཛམ་གླིང་ཡུ་གུར་ཚོགས་པའི་ནང་ལོ་མང་ལས་ཀ་བྱེད་མྱོང་མཁན་ཞིག་འཛིན་བཟུང་བྱས་འདུག

ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སི་ཝེ་ཌན་གྱི་རྒྱལ་ས་ལ་གནས་སྡོད་བྱེད་མཁན་ཡུ་གུར་བ་(Dilshat Reshit) ཟེར་བ་ཞིག་གིས་ཡུ་གུར་གཞན་པ་ཚོ་ལ་སོ་མྱུལ་བྱས་པའི་དོགས་གཞིའི་འོག བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་འཛིན་བཟུང་བྱས་ཡོད་འདུག
འཛམ་གླིང་ཡུ་གུར་ཚོགས་པ་ནི་ཤར་ཏུ་ཀི་སི་ཐན་དུ་ཡོད་པའི་ཁ་ཆེའི་མི་འབོར་མང་ཤོས་ཀྱི་སྐུ་ཚབ་བྱེད་པའི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ཞིང་། ད་བར་འཛམ་གླིང་གང་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཆགས་ཡོད་འདུག་པ་དང་། འཛིན་བཟུང་བྱས་པའི་ཡུ་གུར་བ་ཁོས་ཕྱི་ལོ་༢༠༠༤ ནས་ཚོགས་པའི་རྒྱ་ཡིག་མགྲིན་ཚབ་པའི་ལས་ཀ་བྱས་ཡོད་འདུག སི་ཝེ་ཌན་གཞུང་གིས་འཛིན་བཟུང་བྱས་པ་དེ་ཁོ་ཡིན་པ་ཤེས་རྟོགས་བྱུང་རྗེས། འཛམ་གླིང་ཡུ་གུར་ཚོགས་པའི་འགོ་ཁྲིད་ཚོས་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་ནས་ཁོ་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག
ད་ལྟའི་ཆར་སི་ཝེ་ཌན་གཞུང་གིས་ཁོ་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་བསྟུན། འཛམ་གླིང་ཡུ་གུར་ཚོགས་པས་རྟོག་ཞིབ་དྲང་པོ་དང་ཁ་གསལ། ཁྲིམས་མཐུན་གྱི་བརྒྱུད་རིམ་ཞིག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
སུ་ཝེ་ཌན་གྱི་ཁྲིམས་དཔོན་(Mats Ljungqvist) ཞེས་པས་ཡུ་གུར་བ་དེས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ཚབ་བྱས་ནས་ཡུ་གུར་བའི་སྤྱི་ཚོགས་ནང་གི་མི་ཚོའི་གནས་ཚུལ་དང་གསང་བའི་གནས་ཚུལ་ཁྲིམས་འགལ་གྱིས་བསྡུ་རུབ་བྱས་པའི་དོགས་པ་འདུག་ཅེས་བརྗོད་འདུག།
གནས་ཚུལ་དེ་ནི་ཉེ་ཆར་ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་ཅིག་གིས་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཉེན་ཁ་ཡོད་པར་ངོས་འཛིན་བྱས་པའི་ལས་འགུལ་དང་འབྲེལ་བ་ཡོད་མཁན། འཛམ་གླིང་གང་སར་ཡོད་པའི་མི་སྒེར་དང་། ཚོགས་སྡེ་ཁག་ལ་དམིགས་འབེན་བཟུང་སྟེ། གནོད་འཚེ་ཅན་གྱི་མཉེན་ཆས་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་པའི་རྗེས། སི་ཝེ་ཌན་ལ་ཡུ་གུར་བ་ཞིག་འཛིན་བཟུང་གི་གནས་ཚུལ་དེ་བྱུང་ཡོད་འདུག
རྒྱ་གཞུང་གིས་ཡུ་གུར་བ་ས་ཡ་མང་པོ་ངལ་རྩོལ་ཁང་དུ་དོ་དམ་བྱས་པ་སོགས་ཤར་ཏུར་ཀི་སི་ཐན་གྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་བཏང་བར་བརྟེན། དེ་སྔར་ཨ་རིའི་བྷ་ཌན་སྲིད་གཞུང་གི་འོག ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་པ་ཚོས་ཕྱི་ལོ་༢༠༢༢ ལོར་རྒྱ་ནག་གིས་ཡུ་གུར་བ་དང་། ལྷག་པར་དུ་ཁ་ཆེའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་བསྡོམས་བརྒྱབ་ཡོད་ན་ཡང་། རྒྱ་གཞུང་གིས་རྡོག་རོལ་དང་མནར་གཅོད་བཏང་བའི་སྐྱོན་འཛུགས་ཡོངས་རྫོགས་ཁས་ལེན་བྱས་མེད་པ་རེད་འདུག
འཛམ་གླིང་ཡུ་གུར་ཚོགས་པས། ད་ཐེངས་ཡུ་གུར་བ་ཞིག་གིས་རྒྱ་གཞུང་གི་ཚབ་བྱས་ནས་གསང་བའི་ལས་ཀ་བྱས་པའི་བྱ་སྤྱོད་དེས་ཡུ་གུར་ཚོགས་པའི་བདེ་འཇགས་དང་མཐུན་སྒྲིལ་ལ་ཉེན་ཁ་བཟོ་བ་ཙམ་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་རང་བཙན། མང་ཚོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་ཡང་ཉེན་ཁ་བཟོ་བཞིན་ཡོད་པ་རེད་ཅེས་དང་། གནས་ཡུལ་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་དང་ཡུ་གུར་ཚོགས་པའི་བར་ནུས་པ་ལྡན་པའི་མཉམ་ལས་དགོས་གལ་ཆེ་བ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་སྐོར་སྙན་ཐོ་མུ་མཐུད་སྤེལ་བ་དང་ས་ཕྱོགས་གང་སར་ཡོད་པའི་ཡུ་གུར་བ་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།