སི་རི་ཡའི་དམག་ཁྲུག་ཁྲོད་ཉེས་མེད་མི་མང་དཀྱུས་མའི་ཚེ་སྲོག་ཤོར་བཞིན་པ།

ཨུ་རུ་སུའི་གནམ་དམག་གིས་ཨའི་སི་སི་ཁ་ཆེ་དྲག་སྤྱོད་པར་འཐབ་རྒོལ་བྱས་ནས་བཟུང། ད་བར་སི་རི་ཡའི་མི་མང་དཀྱུས་མ་༢༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བརྗོད་འདུག

1418356_1ཚོགས་པ་དེས་འདི་ལོའི་ཕྱི་ཟླ་༩ པའི་ཚེས་༣༠ ནས་ཕྱི་ཟླ་༡༡ པའི་ཚེས་༢༩ བར་ཨུ་རུ་སུའི་གནམ་དམག་གི་འཐབ་རྒོལ་ཐེངས་༢༥ ལས་མང་བར་ཞིབ་འཇུག་བྱས་པ་བརྒྱུད། ཨུ་རུ་སུས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་བར་ངེས་ཤེས་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཨུ་རུ་སུའི་གཞུང་གིས་མི་མང་དཀྱུས་མ་ཡོད་པའི་ས་ཁུལ་ལ་གནམ་དམག་གིས་འབར་མདེལ་གཡུག་མེད་སྐོར་ལས། སྐྱོན་བརྗོད་དག་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།

སི་རི་ཡའི་དམག་ཁྲུག་ཁྲོད། ཨ་རིས་འགོ་ཁྲོད་པའི་ཟླ་སྒྲིལ་གྱི་རྒྱལ་ཁབ་ཚོས་ཁ་ཆེ་དྲག་སྤྱོད་པར་དམག་རྒོལ་བྱེད་ཀྱི་ཡོད་ཀྱང། ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཡོད་པ་དང། སི་རི་ཡའི་སྲིད་འཛིན་བྷ་ཤར་ལ་ངོ་རྒོལ་བྱེད་མཁན་ངོ་རྒོལ་ཚོགས་པ་དག་ལ་གནམ་དམག་གི་དམག་རྒོལ་བྱེད་ཀྱི་ཡོད་པ་ལས། ཁ་ཆེ་དྲག་སྤྱོད་པར་འཐབ་རྒོལ་ཤུགས་ཆེན་བྱེད་ཀྱི་མེད་པས།  ཨ་རིས་དེ་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། འོན་ཀྱང་ཕྱི་ཟླ་༡༠ ཚེས་༣༡ ཉིན་ཨུ་རུ་སུའི་འགྲུལ་པའི་གནམ་གྲུ་ཞིག་ཁ་ཆེ་དྲག་སྤྱོད་པའི་འབར་རྫས་ཀྱིས་གཏོར་བས། འགྲུལ་པ་༢༢༤ ཚང་མའི་ཚེ་སྲོག་ཤོར་བས། ཨུ་རུ་སུས་ཁ་ཆེ་དྲག་སྤྱོད་པར་གནམ་དམག་གི་འཐབ་རྒོལ་ཤུགས་ཆེན་བྱེད་འགོ་བཙུགས་ཡོད་པ་རེད་དེ། ཨ་རི་གཙོས་པའི་རྒྱལ་ཁབ་ཚོས། ཁ་ཆེ་དྲ་སྤྱོད་པར་འཐབ་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད། སི་རི་ཡའི་མི་མང་དཀྱུས་མ་མང་པོ་ཞིག་གི་ཚེ་སྲོག་ཤོར་བཞིན་ཡོད་པར། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

སི་རི་ཡའི་དམག་ཁྲུག་དེ་ནི་དུས་རབས་ཉེར་གཅིག་གི་རྙོག་འཛིང་ཆེ་ཤོས་གྲས་ཀྱི་དམག་ཁྲུག་ཅིག་ཡིན་པ་དང། ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སུ་སོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས། ཕྱོགས་ཤིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཁར། མི་མང་དཀྱུས་མ་ཁྲི་ཕྲག་མང་པོ་ཡུ་རོབ་སོགས་ལ་སྐྱབས་བཅོལ་དུ་འབྲོ་བཞིན་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།