སི་རི་ཡའི་ནང་གི་ཡུ་གུར་དྲག་དཔུང་གིས་མ་འོངས་པར་རྒྱ་མི་ཚོ་ཤར་ཏུར་ཀི་སི་ཐན་ནས་མཐའ་སྐྲོད་གཏང་རྒྱུ་ཡིན་ཞེས་བརྗོད།
སི་རི་ཡའི་སྲིད་གཞུང་མགོ་རྟིང་བསླགས་པའི་རྗེས། སྲིད་གཞུང་མགོ་རྟིང་སློག་རོགས་བྱེད་མཁན་ཡུ་གུར་གྱི་དྲག་པོའི་དམག་མིའི་ཚོགས་པ་ཞིག་གིས་ཐེངས་རྗེས་མའི་འགྲོ་ཡུལ་རྒྱ་ནག་ཏུ་ཡིན་པ་དང་། ཤར་ཏུར་ཀི་སི་ཐན་བཅིངས་འགྲོལ་གཏོང་རྒྱུའི་ཁས་ལེན་བྱས་ཏེ་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་འདུག
ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སི་རི་ཡའི་གྱེན་ལོག་ཤོག་ཁག་(HTS) ་ཞེས་པའི་དྲག་སྤྱོད་ཚོགས་པས་འགོ་ཁྲིད་ནས་ལོ་ངོ་༥༠ ཙམ་སྒེར་གཅོད་བྱེད་མཁན་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསླགས་པའི་ཉིན་ཏེ། ཟླ་འདིའི་ཚེས་༨ ཉིན་ཁོང་ཚོ་ལ་དཔུང་རོགས་བྱེད་མཁན་ཏུར་ཀི་སི་ཐན་གྱི་ཁ་ཆེའི་དྲག་པོའི་ཚོགས་པ་(Turkestan Islamic Party) ཞེས་པས་ཤར་ཏུར་ཀི་སི་ཐན་རྒྱ་ནག་གི་དབང་བསྒྱུར་ལས་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཞེས་བརྗོད་པའི་བརྙན་ཐུང་ཞིག་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་འདུག
བརྙན་ཐུང་ནང་ཁ་རས་གྱོན་མཁན་ཞིག་གིས་ང་ཚོ་ད་ལྟ་སི་རི་ཡ་ལ་ཡོད། དཀོན་མཆོག་གི་ཆེད་དུ་གྲོང་ཁྱེར་མང་པོའི་ནང་འཐབ་འཛིང་བྱས་པ་ཡིན། མ་འོངས་པར་ང་ཚོས་མུ་མཐུད་ཤར་ཏུར་ཀི་སི་ཐན་དུ་ཡོད་པའི་ང་ཚོའི་ཨུ་རུ་མུ་ཆི་(Urumqi) དང་ཨ་ཁི་སུ(Aksu)། དེ་བཞིན་ཁ་ཤི་གྷར་(Kashgar) བཅས་སུ་འཐབ་འཛིང་བྱས་ནས་དཀོན་མཆོག་ལ་ཡིད་ཆེས་མེད་མཁན་རྒྱ་མི་ཚོ་མཐའ་སྐྲོད་གཏོང་རྒྱུ་ཡིན་ཞེས་དང་། དཀོན་མཆོག་གིས་སི་རི་ཡའི་ནང་འཐབ་འཛིང་པ་ཚོ་ལ་རྒྱལ་ཁ་སྤྲད་ཡོད་པ་བཞིན་། ཁོང་གིས་ང་ཚོའི་ཕ་ཡུལ་དུ་ཡང་རྒྱལ་ཁ་སྤྲོད་པའི་སྨོན་ལམ་ཡོད་ཅེས་བརྗོད་འདུག
ཏུར་ཀི་སི་ཐན་གྱི་ཁ་ཆེ་ཚོགས་པ(TIP) དེ་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་པ་ཀི་སི་ཐན་དུ་གསར་འཛུགས་བྱས་རྗེས་ཨབ་གྷ་ནི་སི་ཐན་དུ་ཡང་རྐང་པ་བརྟན་པོ་བཙུགས་ཡོད་འདུག ཚོགས་པ་དེ་ནི་ཤར་ཏུར་ཀི་སི་ཐན་ནང་ཁ་ཆེའི་རང་བཙན་རྩོད་མཁན་ཞིག་ཆགས་ཡོད་འདུག་པ་དང་། རྒྱ་ནག་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་ཨ་རི་སོགས་ཀྱིས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཨབ་གྷ་ནི་སི་ཐན་དང་པ་ཀི་སི་ཐན་གྱི་ནང་དུ་ཚོགས་པ་དེའི་སྟོབས་ཤུགས་ལ་ཉམས་རྒུད་དུ་ཕྱིན་ཡོད་འདུག་པ་དང་།
ཚོགས་པ་དེའི་ཚོགས་མི་དང་ཚོགས་མི་དེ་དག་གི་ནང་མི་བཅས་མང་པོ་ཞིག་རྒྱ་ནག་གི་བཙན་འོག་ནས་བྲོས་ཐར་ཏེ་སི་རི་ཡའི་ནང་དུ་སྐྱབས་བཅོལ་ཞུས་ནས་བསྡད་ཡོད་འདུག་ལ།
ཕྱི་ལོ་༢༠༡༧ ལོར་རྒྱ་ནག་ཏུ་ཡོད་པའི་སི་རི་ཡའི་གཞུང་ཚབ་པས་སི་རི་ཡའི་ནང་དུ་ཡུ་གུར་གྱི་དམག་མི་༥༠༠༠ ཙམ་ཡོད་ཅེས་བརྗོད་འདུག
ཚོགས་པ་དེས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་སི་རི་ཡའི་ནང་གི་གྱེན་ལོག་ཤོག་ཁག་(HTS) ཞེས་པ་དེ་དང་མཉམ་ལས་བྱས་ནས་སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་དང་འཐབ་འཛིང་རིམ་པ་བྱས་རྗེས། ཟླ་འདིའི་ཚེས་༨ ཉིན་ཁྱིམ་ཚང་ཞིག་གིས་ལོ་ངོ་༥༠ ཙམ་སྒེར་གཅོད་བྱས་པའི་སྲིད་གཞུང་མགོ་རྟིང་བསླགས་ཡོད་འདུག
ཉེ་ཆར་(HTS) ཞེས་པའི་གྱེན་ལོག་ཤོག་ཁག་གི་འགོ་ཁྲིད་(Abu Mohanned al-Golani) ཡིས་ཡུ་གུར་གྱི་དྲག་པོའི་ཚོགས་པ་དེ་སི་རི་ཡའི་ནང་དུ་བསྡད་ནས་ལོ་ངོ་བདུན་ཕྱིན་ཡོད་ན་ཡང་། ཕྱི་ཕྱོགས་རྒྱལ་ཁབ་ཚོ་ལ་ཉེན་ཁ་གང་ཡང་བཟོས་མེད་པ་དང་། ཁོང་ཚོས་སི་རིའི་སྲིད་གཞུང་གི་བཙན་ཤེད་ལ་ངོ་རྒོལ་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་མ་ཟད། ཁོང་ཚོ་ཡུ་གུར་བ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གི་འོག་ཏུ་སྡུག་སྦྱོང་མྱོང་གི་ཡོད་པ་དང་། ཡུ་གུར་བ་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་ནི་ཁོང་རང་ཚོའི་འཐབ་རྩོད་ཀྱི་ཆེད་དུ་ཡིན་པ་ལས་(HTS) ཚོགས་པའི་འཐབ་རྩོད་ཅིག་མ་རེད་ཅེས་དང། ཡུ་གུར་བ་ཚོས་ཁོང་ཚོའི་ཁྲིམས་བསྲུངས་ནས་སྡོད་བཞིན་ཡོད་པ་ལྟར། ཁྲིམས་བསྲུངས་ནས་མུ་མཐུད་སི་རི་ཡའི་ཁུལ་དུ་བསྡད་རྒྱུ་ལ་དགའ་བསུ་ཡོད་ཅེས་བརྗོད་འདུག
སི་རི་ཡའི་སྲིད་གཞུང་མགོ་རྟིང་སློག་མཁན་HTS ཚོགས་པས་ངག་ཐོག་ནས་ཡུ་གུར་གྱི་དྲག་དཔུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང། ཁོང་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་བསམ་བློ་མེད་པ་རེད་འདུག འོན་ཀྱང་སི་རི་ཡའི་སྒེར་གཅོད་པ་ལ་ཕམ་ཉེས་བྱུང་བ་དེས་རྒྱ་ནག་ལ་ཐད་ཀར་ཉེན་ཁ་བཟོས་མེད་ཀྱང་། སྲིད་གཞུང་མགོ་རྟིང་སློག་རོགས་བྱེད་མཁན་ཏུར་ཀི་སི་ཐན་གྱི་ཁ་ཆེའི་ཚོགས་པར་(TIP) འཐབ་འཛིང་གི་ཉམས་མྱོང་ཐོབ་པ་དེས་རྒྱ་ནག་ལ་ཉེན་ཁ་བཟོ་བཞིན་ཡོད་འདུག
རྒྱ་ནག་གི་དམག་དཔོན་ཅིནཡི་ནན་(Jin Yinan) ཟེར་བས་སི་རི་ཡའི་ནང་ཡོད་པའི་ཡུ་གུར་གྱི་ཚོགས་པས་ཡུ་གུར་གྱི་གནད་དོན་ལ་དོ་སྣང་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ཉིན་ཞིག་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དམག་འཐབ་ཀྱི་ཉམས་མྱོང་གསོག་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
ཉེ་བའི་ལོ་ཤས་སྔོན་ཏུར་ཀི་སི་ཐན་གྱི་ཁ་ཆེ་ཚོགས་པའི་(TIP) ་འགོ་ཁྲིད་(Abdul al-Turkistani) ཡིས་འཛམ་གླིང་གང་སར་དུ་ཡོད་པའི་ཡུ་གུར་བ་ཚོས་སི་རི་ཡའི་(Assad) སྲིད་གཞུང་དང་རྒྱ་ནག་ལ་འཐབ་འཛིང་བྱེེད་པར་མཉམ་ཞུགས་བྱེད་དགོས་པ་དང་། ད་ལྟ་སི་རི་ཡའི་ནང་ལ་རོགས་རམ་བྱེད་ཀྱི་ཡོད་ན་ཡང་། མ་འོངས་པར་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་ལ་བཅིངས་འགྲོལ་གཏོང་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་བརྗོད་འདུག
རྒྱ་གཞུང་གིས་ཡུ་གུར་གྱི་ཚོགས་པ་དེ་ནས་ཕྱི་ལོ་༢༠༠༨་དང་༢༠༡༡།༢༠༡༣།༢༠༡༤། ༢༠༡༤།༢༠༡༥ བཅས་སུ་རྒྱ་ནག་གི་ནང་དུ་མང་ཚོགས་འདུ་འཛོམས་བྱེད་སར་གྲི་བཙུགས་པ་དང་། རླངས་འཁོར་ནང་འབར་རྫས་བཞག་ནས་གཏོར་བ། རང་སྲོག་བློས་གཏོང་གིས་གཏོར་རྒོལ་སོགས་བྱེད་མཁན་བྱུང་ཡོད་ཅེས་བརྗོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་ནང་གཏོར་རྒོལ་བྱེད་མཁན་ཚང་མ་ཚོགས་པ་དེ་ཡིན་པ་ཡིད་ཆེས་མི་བྱེད་ཀྱང་། གཏོར་རྒོལ་འགའ་ཤས་ཚོགས་པ་དེ་དང་འབྲེལ་བ་ཡོད་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ཏུར་ཀི་སི་ཐན་གྱི་ཁ་ཆེའི་ཚོགས་པ་དེ་ད་ལྟ་སི་རི་ཡའི་ནང་དུ་ཡོད་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཤར་ཏུར་ཀི་སི་ཐན་ནང་དུ་ཁ་ཆེའི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་ཡིན་འདུག ཚོགས་པ་དེ་མ་འོངས་པར་སི་རི་ཡའི་སྲིད་གཞུང་གསར་པ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཁྲོད་དཀའ་ངལ་ཞིག་ཏུ་འགྱུར་སྲིད་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།