སི་ལོ་ཝ་ཁི་ཡའི་སྲིད་བློན་ལ་མེ་མདའ་ཕོག་ནས་ཛ་དྲག་གི་སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

སི་ལོ་ཝ་ཁི་ཡའི་སྲིད་བློན་ལ་མི་ཞིག་གིས་མེ་མདའ་བརྒྱབས་ནས་ད་ལྟ་ཛ་དྲག་སྨན་ཁང་ནང་ཡོད་འདུག གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སི་ལོ་ཝ་ཁི་ཡའི་སྲིད་བློན་གྱིས་ཡུག་རེན་ལ་གོ་མཚོན་གྱི་རོགས་རམ་བྱེད་རྒྱུར་བཀག་པ་དང་། གཞན་སྲིད་བྱུས་འགའ་ཤས་ཐད་ཕྱོགས་འགལ་ཚོགས་པ་དང་མི་མཐུན་པ་ཡོད་པའི་རྐྱེན་གྱིས་ཁོང་གསོད་ཐབས་བྱས་པ་རེད་ཅེས་བརྗོད་འདུག
ཕྱི་ཚེས་༡༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སི་ལོ་ཝ་ཁི་ཡའི་སྲིད་བློན་གྲོང་སྡེ་ཆུང་ཆུང་ཞིག་ལ་ལྟ་སྐོར་འགྲོ་དུས་མི་ཞིག་གིས་གློ་བུར་དུ་མེ་མདའ་བརྒྱབས་ནས་ད་ལྟ་ཛ་དྲག་གི་སྨན་ཁང་ནང་ཡོད་འདུག འོན་ཀྱང་། སྲིད་བློན་གཞོན་པས་ད་ལྟ་སྲིད་བློན་ཛ་དྲག་སྨན་ཁང་ནང་ཡོད་ཀྱང་། ཚེ་སྲོག་ལ་ཉེན་ཁ་དེ་ཙམ་མི་འདུག་ཅེས་བརྗོད་ཡོད་འདུག རྒྱུ་མཚན་གཅིག་ནི་སྲིད་བློན་ལ་གློ་བུར་དུ་མེ་མདའ་ཕོག་རྗེས་གང་མགྱོགས་མྱུར་སྐྱོབ་སྨན་ཁང་དུ་འཁུར་ཐུབ་ཡོད་འདུག་པ་དང་། སྨན་ཁང་ནང་བཤའ་བཅོས་བྱས་ནས་བཤའ་བཅོས་ལེགས་གྲུབ་བྱུང་ཐུབ་ཡོད་པའི་རྐྱེན་གྱིས་ཡིན་འདུག སི་ལོ་ཝ་ཁི་ཡའི་བདེ་སྲུང་བློན་ཆེན་གྱིས་དོན་རྐྱེན་དེ་ནི་ཆབ་སྲིད་ཀྱི་གནད་དོན་རྐྱེན་པའི་ཡིན་པ་དང་། ད་ལྟ་སྲིད་བློན་གྱི་ཚེ་སྲོག་ལ་ཉེན་ཁ་མི་འདུག་ཅེས་བརྗོད་འདུག སྲིད་བློན་གཞོན་པས་བརྗོད་དོན་ལ་སྲིད་བློན་ལ་མེ་མདའ་ཐེངས་ལྔ་བརྒྱབས་ཡོད་འདུག མེ་མདའ་རྒྱག་མཁན་དེ་རང་ལོ་༧༡ ཡིན་པའི་རྩོམ་པ་པོ་དང་སྲིད་དོན་པ་ཞིག་ཡིན་འདུག ཐེངས་འདིའི་དོན་རྐྱེན་ཁྲོད་སྲིད་བློན་ལ་མེ་མདའ་རྒྱག་དགོས་དོན་ནི་སྲིད་བློན་(Robert Fico)ཡིས་ཡུག་རེན་ལ་གོ་མཚོན་ཐོག་རོགས་རམ་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་དང་། གཞན་སི་ལོ་ཁི་ཡའི་གཞུང་གི་བརྙན་འཕྲིན་ཁང་(RTVS)་ཟེར་བ་དེ་བཀག་སྡོམ་བྱེད་རྒྱུ་གྲོས་ཚོགས་ནང་གྲོས་བསྡུར་བྱེད་བཞིན་པའི་སྐབས་ཡིན་འདུག མི་མང་པོས་སྲིད་བློན་གྱིས་བརྙན་འཕྲིན་ཁང་དེ་བཀག་འགོག་བྱེད་རྒྱུ་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག བརྙན་འཕྲིན་ཁང་དེ་ཡིས་སྲིད་བློན་ཁོང་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་ལྡོག་སྟེ་ཕྱོགས་འགལ་ཚོགས་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་རྗོད་ཀྱི་ཡོད་འདུག དེ་སྔོན་ནས་སྲིད་བློན་གྱིས་ཁོང་ལ་གཞན་གྱིས་གནོད་འཚེ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྲིད་བློན་གཞོན་པས་བརྗོད་ཡོད་འདུག སྲིད་བློན་(Robert Fico)ཁོང་ལོ་སྔོན་མར་བསྐྱར་དུ་སྲིད་བློན་ལ་བདམས་ཡོད་འདུག་པ་དང་། ཁོང་གི་སྲིད་དོན་ཚོགས་པ་ནི་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་ཅན་གྱི་སྲིད་དོན་ཚོགས་པ་འགའ་ཤས་ཀྱིས་མཉམ་འབྲེལ་ཐོག་ནས་བཙུགས་པའི་སྲིད་དོན་ཚོགས་པ་ཞིག་ཡིན་འདུག་པར་བརྟེན། འདི་ལོའི་ཕྱི་ཟླ་༡ ནང་ཡུག་རེན་ལ་གོ་མཚོན་གྱི་རོགས་རམ་བྱེད་རྒྱུར་བཀག་འགོག་བྱས་པའི་རྐྱེན་གྱིས་རྙོག་གླེང་མང་པོ་ཆགས་ཡོད་འདུག ཕྱི་ལོ་༢༠༡༨ ནང་གསར་འགོད་པ་གྲགས་ཅན་ (Jan Kuciak)ཟེར་བ་དེ་དང་དེ་ཡི་བཟའ་ཟླ་གཉིས་སྲིད་བློན་གྱི་ལྐོག་བྱུས་འོག་དམར་གསོད་བཏང་ཡོད་པར་བརྗོད་དེ། མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས། སྲིད་བློན་ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་ཡོད་འདུག་པ་དང་། དེ་སྔོན་ཁོང་དང་སྲིད་དོན་ཚོགས་པ་གཅིག་པ་ཡིན་པའི (Pellegrini)ཟེར་བ་དེ་ཡིས་སྲིད་བློན་(Robert Fico)་ཁོང་གཡུགས་ནས་སྲིད་དོན་ཚོགས་པ་གཞན་དང་ལྷན་དུ་མཉམ་འབྲེལ་གྱི་ཐོག་ནས་སྲིད་དོན་ཚོགས་པ་གསར་འཛུགས་བྱས་ནས་གཞུང་སྲིད་བསྐྱངས་ཡོད་འདུག འོན་ཀྱང་། ཏོག་དབྱིབས་ནད་དུག་སྐབས་སུ་མཉམ་འབྲེལ་གྱི་སྲིད་དོན་ཚོགས་པ་དེ་ཡིས་ཏོག་དབྱིབས་ནད་དུག་བཀག་འགོག་ཆེད་དུ་སྲིད་བྱུས་ལག་བསྟར་ཡག་པོ་མ་བྱུང་བའི་རྐྱེན་གྱིས། ད་ལྟའི་ལས་ཐོག་སྲིད་བློན་གྱིས་མི་མང་རྒྱ་ཆེན་སྣེ་ཁྲིད་ནས་ངོ་རྒོལ་རྒྱ་ཆེན་པོ་བྱས་ཡོད་འདུག དུས་དེ་ནས་བཟུང་སྲིད་བློན་ཁོང་མི་མང་ཁྲོད་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག མཐར་ཕྱི་ལོ་༢༠༢༣ ཟླ་བ་༡༢ ནང་ཁོང་ལ་བསྐྱར་དུ་སྲིད་བློན་གྱི་གོ་གནས་ཐོབ་ཡོད་འདུག འོན་ཀྱང་། སྐབས་དེ་དུས་ཁོང་སྲིད་བློན་གྱི་འོས་མི་ལ་ལང་དུས་ཡུག་རེན་ལ་རོགས་རམ་བྱེད་རྒྱུར་ཁས་ལེན་བྱས་ཡོད་འདུག་ཀྱང་། ཁོ་རང་སྲིད་བློན་ཆགས་དུས་ཡུག་རེན་ལ་རོགས་རམ་བྱེད་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་འདུག་པས། ཕྱོགས་འགལ་ཚོགས་པ་དང་མི་མཐུན་པའི་རྩོད་རྙོག་རྒྱ་ཆེན་འབྱུང་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།