བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༥ ཕྱི་ལོ་ ༢༠༢༠/༠༦/༠༤
ཉེ་ཆར་ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་གྱིས་རྒྱ་གར་དང་། བོད་ཀྱི་ས་མཚམས་སྐོར་གྱི་སྐད་ཆ་ཞིག་རྒྱ་གར་གྱི་བརྒྱུད་ལམ་དེ་རིང་གི་བར་དུ་ཞེས་པར་གླེང་ཡོད་ཅིང་། གནད་དོན་དེ་དང་འབྲེལ་ནས་༧གོང་ས་མཆོག་ལ་མཚན་སྨོད་ཀྱང་ཞུས་འདུག བརྗོད་གཞི་འདིར་ཞིབ་ཏུ་བསམ་བློ་གཏོང་དགོས་པ་མང་པོ་ཡོད་ལ། རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་དང་བོད་ཀྱི་ས་མཚམས་སམ། དེང་སྐབས་རྒྱ་གཞུང་གིས་བདག་བཟུང་ཐོག་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་དང་། ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་བར་གྱི་རྩོད་རྙོག་ཁག་༧གོང་ས་མཆོག་གིས་རྒྱ་གར་གྱི་ཁོངས་གཏོགས་རེད་ཅེས་གསུངས་ནས། རྒྱ་དམར་གཞུང་གིས་ཁས་ལེན་འགྲོ་བ་དང་རྩོད་རྙོག་ཞི་འཇམ་དུ་འགྲོ་བ་ཞིག་ཡིན་ན་དཀའ་ངལ་ཆེན་པོ་དེ་ཙམ་མེད་ནའང་། དོན་དུ་༧གོང་ས་མཆོག་གིས་དེ་གསུངས་ནས་རྒྱ་དཀར་ནག་གི་རྩོད་རྙོག་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་ཐུབ་པ་ཞིག་མ་རེད་ལ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེའི་ཐད་ལངས་ཕྱོགས་ཁ་གསལ་རེད་འདུག་པས་འདིར་མི་བརྗོད།
གནད་དོན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཁ་གསལ་ཞིག་ཤེས་དགོས་ན། ཐོག་མ་ཕྱི་ལོ་༡༩༡༤ ལོའི་ཕྱི་ཟླ་༧ ཚེས་༣ ཉིན་བཞག་པའི་སིམ་ལའི་ཆིངས་ཡིག་ལ་ཐུག་ཡོད། སིམ་ལའི་ཆིངས་ཡིག་དེ་བོད་དང་། རྒྱ་གར་དབྱིན་གཞུང་། རྒྱ་ནག་གཞུང་གི་སྐུ་ཚབ་བཅས་མཉམ་འཛོམས་ཐོག་བཞག་པའི་ཆིངས་ཡིག་ཅིག་ཡིན་ལ། ཆིངས་ཡིག་དེར་བོད་རྒྱ་དབྱིན་གསུམ་ཐོག་རྒྱལ་ཁབ་གསུམ་གྱི་སྐུ་ཚབ་རྣམས་ཀྱིས་མཚན་རྟགས་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་ཀ་ཀོར་སྣ་ཚོགས་བྱས་ནས་ཐམ་ག་བརྒྱབ་མེད། བོད་དབྱིན་གཉིས་ཀྱི་སྐུ་ཚབ་ཀྱིས་མཚན་རྟགས་ཙམ་དུ་མ་ཟད་ཐམ་ག་ཡང་བརྒྱབ་ཡོད། རྒྱ་ནག་གི་སྐུ་ཚབ་ཀྱིས་ཐམ་ག་མ་བརྒྱབ་པར་བརྟེན། བོད་དབྱིན་སྐུ་ཚབ་གཉིས་ཀྱིས་ཟུར་དུ་ཆིངས་ཡིག་ཅིག་བཞག་ནས། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས། དབྱིན་བོད་ཡི་གེ་འདྲ་གཉིས་རེའི་ཐོག་ཆིངས་ཡིག་དངོས་གཞི་བཞག་པའི་ཕྱི་ཉིན་དེར་ཐམ་ག་དང༌མིང་རྟགས་བརྒྱབ་ཡོད།
ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་ནི་མི་དཀྱུས་མ་ཞིག་མིན་པར་རྒྱ་གར་གྱི་ཕྱི་སྡོད་གཞུང་ཚབ་པའི་འགན་ཁུར་མྱོང་མཁན་ཞིག་དང་། རྒྱ་དཀར་ནག་གི་ས་མཚམས་སོགས་ཆབ་སྲིད་ཞིབ་འཇུག་པ་ཞིག་ཀྱང་ཡིན་འདུག རྩོད་རྙོག་འདིའི་གནད་འགག་གཙོ་བོ་ནི་༧གོང་ས་མཆོག་གིས་ག་རེ་གསུང་མིན་ལ་ཐུག་མེད་པར། རྒྱ་གར་གཞུང་གིས་ཤིང་སྟག་སིམ་ལའི་ཆིངས་ཡིག་ངོས་འཛིན་གནང་དང་མི་གནང་ལ་ཐུག་ཡོད། སིམ་ལའི་ཆིངས་ཡིག་ནང་བོད་དང་རྒྱ་གར་གྱི་ས་མཚམས་མེཀ་མོ་ཧན་ས་ཐིག(McMahon line) ཞེས་པ་འཐེན་ནས། བོད་ས་མ་ཤོར་བར་བོད་དང་རྒྱ་གར་གྱི་ས་མཚམས་བར་རྩོད་རྙོག་གང་ཡང་བྱུང་མྱོང་མེད། རྒྱ་གར་གཞུང་གིས་སིམ་ལ་ཆིངས་ཡིག་དེར་རྩ་འཛིན་དང་། བོད་དོན་ལ་དེ་ལུགས་ཀྱིས་རྒྱབ་སྐྱོར་ཞིག་གནང་ཐུབ་ན། ས་མཚམས་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཉག་གཅིག་དེ་ཡིན། བོད་རྒྱ་ཁོངས་ཡིན་པར་ངོས་འཛིན་མུ་མཐུད་གནང་ན་ཆིངས་ཡིག་དེར་ནུས་པ་མེད་ལ། ས་མཚམས་རྩོད་རྙོག་ནང་བོད་པའི་ཤུགས་རྐྱེན་ནི་དེ་བས་ཀྱང་ནུས་མེད་དུ་གྱུར་པ་རེད།
རྒྱ་ནག་གི་སྐུ་ཚབ་ཀྱིས་ཨུ་ཚུགས་མཐར་སྐྱེལ་བྱས་སྟབས་ཤིང་སྟག་སིམ་ལ་ཆིངས་ཡིག་ནང་བོད་ཕྱི་ནང་གཉིས་སུ་ཕྱེས་ཤིང་། འབྲི་ཆུའི་ནུབ་རྒྱུད་དེང་དུས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁོངས་ལ་བོད་ཕྱི་མ་དང་། འབྲི་ཆུའི་ཤར་རྒྱུད་ཀྱི་ཁམས་དང་ཨ་མདོའི་ས་ཁུལ་ལ་བོད་ནང་མ་ཞེས་ཐ་སྙད་སྦྱར་ཡོད་པ་མ་ཟད། དབྱིན་གཞུང་དང༌། རྒྱ་ནག་གཞུང་ནས་བོད་དེ་(Suzerainty of China)རྒྱ་ནག་གི་སྲུང་སྐྱོབ་རྒྱལ་ཕྲན་ལྟ་བུར་བརྩིས་ཡོད། འོན་ཀྱང༌བོད་ཕྱི་མ་ནང་དོན་རྒྱལ་ཁག་རང་དབང་རང་བཙན་ཡིན་པ་མཁྱེན་ཆོད་ལྟར་ཆ་འཇོག་གནང་བ་དང་། དབང་ཚད་གང་ཡོད་ཚང་མ་ལྷ་ལྡན་བོད་གཞུང་རྒྱལ་ཁབ་རང་ནས་གནང་རྒྱུ་ཁས་ལེན་བྱས་ཡོད། བོད་ནང་མ་དང༌། ཕྱི་མའི་ས་མཚམས་ལ་རྟགས་སྔོན་པོ་བརྒྱབ་ཡོད་ཅིང་། བོད་ནང་མར་བོད་གཞུང་གི་དབང་ཆ་ཐོབ་ཐང་ཡོད་མུས་ཚང་མར་རང་འཇགས་ལ་ལྷག་དོན་དགོན་ཁག་སོ་སོའི་བླ་མ་བསྐོ་གཞག་དང༌། ཆོས་སྡེའི་སྐོར་སོགས་བསྒྱུར་བཀོད་ཀྱི་དབང་ཆ་ཚང་མར་གནོད་འགལ་ཉམས་ཆག་ཏུ་མི་འགྲོ་བ་བྱས་ཡོད་ཅེས་འཁོད་ཡོད།
མདོར་ན་བོད་དབྱིན་གཉིས་ཀྱི་ཟུར་ཆིངས་སུ་”རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་”ཅེས་ཐག་གཅོད་བྱས་ཡོད་པས། རྒྱ་གཞུང་གིས་ཨུ་ཚུགས་བྱས་པའི་དོན་གནད་རྣམས་སྐབས་དེ་དུས་ནས་རྩིས་མེད་དུ་གྱུར་ཟིན་པས། རྒྱ་གར་གཞུང་གིས་མེཀ་ མོ་ཧན་ས་ཐིག་ཙམ་མ་ཡིན་པར་སིམ་ལའི་ཆིངས་ཡིག་ངོས་འཛིན་གནང་དགོས་པ་དང་། བོད་རང་བཙན་གྱི་གནས་བབས་ཤིག་བསྐྱར་གསོ་བྱུང་ན། རྒྱ་དཀར་ནག་གི་ས་མཚམས་ཤིག་མེད་པ་མ་ཟད། སྐབས་དེ་དུས་༧གོང་ས་མཆོག་དང་བོད་གཞུང་གིས་ད་ལྟ་རྩོད་རྙོག་ཡོད་པའི་གོང་གསལ་ས་ཆ་རྣམས་རྒྱ་གར་གྱི་ཁོངས་རེད་ཅེས་གསུང་ན་ཁྲིམས་དོན་གཉིས་ཐད་ནས་ནུས་པ་ཆེན་པོ་ཡོད་པ་ལས། ད་ལྟའི་ཆར་བོད་ཀྱི་བདག་དབང་བོད་པར་མེད་པས་༧གོང་ས་མཆོག་གིས་ག་རེ་གསུང་མིན་དང་འབྲེལ་བ་མེད་ལ། ཆུང་ས་ནས་རྒྱ་གར་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་ལས། རྒྱ་དཀར་ནག་གི་ས་མཚམས་ཤིག་མེད་པར་ངོས་འཛིན་ཙམ་ཡང་གནང་མ་ཐུབ་ན་སྐད་ཆ་དེ་དག་ནི་དོན་གྱིས་སྟོང་པ་རེད།།