སུ་ཝི་ཌན་ནས་རྒྱ་ནག་གི་གསང་མྱུལ་བ་བོད་མི་དེ་ཕྱིར་འབུད་གཏོང་རྒྱུ་རེད་འདུག
ལོ་ཤས་སྔོན་སུ་ཝི་ཌན་ནས་འཛིན་བཟུང་བྱས་པའི་རྒྱ་ནག་གི་གསང་མྱུལ་བ་བོད་མི་དེའི་བཙོན་འཇུག་དུས་ཡུན་ཚང་གི་ཡོད་འདུག་པས། ཁོ་རྒྱ་ནག་ཏུ་ཕྱིར་འབུད་གཏོང་རྒྱུར་ཁྲིམས་ཁང་ཞིག་གིས་ཐག་གཅོད་བྱས་འདུག
དེ་ཡང་སུ་ཝི་ཌན་གྱི་བརྒྱུད་ལམ་(Goteborgs Posten) ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་དེའི་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༧ ལོར་འཛིན་བཟུང་བྱུང་བའི་རྒྱ་ནག་གི་གསང་མྱུལ་བ་རྡོ་རྗེ་རྒྱལ་མཚན་ཞེས་པ་དེའི་བཙོན་འཇུག་གི་ལོ་ཡུན་ཚང་གི་ཡོད་པ་དང་། དེའི་རྗེས་སུ་ཁོ་མུ་མཐུད་ནས་རྒྱལ་ཁབ་དེར་གནས་སྡོད་བྱས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པས། ཁོ་སུ་ཝི་ཌན་ནས་ཕྱིར་འབུད་ངེས་པར་དུ་གཏོང་དགོས་པའི་ཞུ་གཏུག་བྱས་འདུག་པ་དང་། ཁྲིམས་ཁང་གིས་ཀྱང་ཞུ་གཏུག་དེར་རྒྱབ་སྐྱོར་བྱས་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༢ པའི་ནང་སུ་ཝེ་ཌན་གྱི་གསང་བའི་ལས་ཁུངས་ཀྱིས། བོད་མི་རྡོ་རྗེ་རྒྱལ་མཚན་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་བོད་མིར་སོ་ལྟ་བྱེད་མཁན་མི་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ལས། གཞན་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་ནའང་། རྗེས་སུ་ཟླ་༤ པའི་ནང་སུ་ཝེ་ཌན་གཞུང་གི་ཁྲིམས་རྩོད་པ་ཞིག་གིས། འཛིན་བཟུང་བྱས་པའི་བོད་མི་དེར་དངོས་སུ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཁྲིམས་གཏུག་བྱས་ཡོད་པ་རེད། སྐབས་དེར་རྡོ་རྗེ་རྒྱལ་མཚན་གྱིས་རང་ཉིད་ཉེས་མེད་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༨ ལོའི་ཟླ་༦ པའི་ཚེས་༡༥ ཉིན་སུ་ཝེ་ཌན་གྱི་སཱོ་ཌེར་ཊོན་རྫོང་ཁྲིམས་ཁང་གིས། སྐབས་དེར་རང་ལོ་༤༩ ཡིན་པའི་རྡོ་རྗེ་རྒྱལ་མཚན་གྱིས་སུ་ཝེ་ཌན་གྱི་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་བྱས་ཏེ། བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་དང་ཚོགས་འདུ། ནང་མིའི་གནས་སྟངས། སྡོད་ཁང་གི་མཐུན་རྐྱེན་སོགས་ཀྱི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་དང་། གནས་ཚུལ་དེ་དག་རྒྱ་ནག་གི་གསང་བའི་ལས་མི་ལ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་ར་སྤྲོད་བྱས་ནས། ཟླ་བ་༢༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
སྐབས་དེར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྡོ་རྗེ་རྒྱལ་མཚན་བོད་ནས་ཕྱི་ལོ་༡༩༩༧ ལོར་ཐོན་ཡོད་པ་དང་། ཕྱི་ལོ་༢༠༠༠ ལོའི་རྗེས་སུ་སུ་ཝེ་ཌན་རྒྱལ་ཁབ་ཏུ་སྐྱབས་བཅོལ་བའི་མིང་ཐོག་ནས་གཏན་སྡོད་ལག་ཁྱེར་ཐོབ་ཡོད་འདུག ཁོས་གསང་མྱུལ་གྱི་ལས་ཀ་དེ་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པ་ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༢ པ་བར་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
ཁོས་ནོར་ཝེ་རྒྱལ་ཁབ་དུ་བོད་མིའི་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་ཁར། ༧གོང་ས་མཆོག་དེ་གར་ཆིབས་བསྒྱུར་བསྐྱང་སྐབས། གསར་འགོད་པའི་ལས་ཀ་ཡང་བྱས་ཡོད་འདུག གཞུང་གི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཁོས་ཡུ་རོབ་ཀྱི་པོ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཡིག་གཅིག་དང་ཐེངས་མང་པོ་ཐུག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ཁར། ཡུ་རོབ་ཧྥེན་ལན་ཌ་ནང་དུ་ཡང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པར་དོགས་པ་ཡོད་པའི་མི་ཞིག་དང་ཐུག་ཡོད་པ་རེད་འདུག
ཁོ་འཛིན་བཟུང་བྱས་པའི་སྐབས་སུ་པོ་ལན་ཌའི་རྒྱལ་ས་ཝར་སོ་ནས་ཕྱིར་ལོག་བྱས་ཚར་ཙམ་ཡིན་པ་དང་། སྐབས་དེར་ཁོའི་ལག་ཏུ་ཨ་སྒོར་༦༠༠༠ ཡོད་པ་དེ་གནས་ཚུལ་མཁོ་སྤྲོད་བྱས་པའི་གླ་ཆ་ཡིན་པར་གཞུང་གི་ཁྲིམས་རྩོད་པ་དེས་ངོས་འཛིན་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།