སུད་སི་གཞུང་གིས་བོད་མི་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་འདུག་པ་དང་རྒྱ་གཞུང་གིས་དེ་ལ་དགག་པ་བྱས་འདུག

swissinfo གསར་ལམ་གྱི་པར།

སུད་སི་གཞུང་ནས་སྙན་ཐོ་ཞིག་བཏོན་ཏེ་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་ཡོད་འདུག་པ་དང་རྒྱ་གཞུང་གིས་དེ་ལ་དགག་བརྒྱབས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་སུད་སི་དབུས་གཞུང་གིས་སྙན་ཐོ་ཞིག་བཏོན་ཏེ་བོད་པ་དང་ཡུ་གུར་གཉིས་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་བོད་དང་ཡུ་གུར་གྱི་སྤྱི་ཚོགས་ནས་ཡིན་པའི་མི་སྒེར་ཚོར་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་གཞུང་འབྲེལ་ཐོག་ངོས་འཛིན་གནང་འདུག

གནས་ཚུལ་དེ་དང་འབྲེལ་བ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་བཀོད་གསལ། སུད་སི་དབུས་གཞུང་གིས་སུད་སིའི་ནང་གི་བོད་མི་དང་འབྲེལ་བའི་སྙན་ཐོ་དེར་ལེའུ་བཅུ་དང་ཤོག་གྲངས་ ༣༦ ཡོད་འདུག་པ་དང་། སྙན་ཐོ་འདི་ནི། སུད་སི་གྲོས་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ལྷན་ཚོགས་(APK-N)ཀྱིས་སུད་སི་བོད་མིའི་གནས་སྟངས་སྐོར་གྱི་སྙན་ཐོ་ཟེར་བའི་གྲོས་ཆོད་ཨང་ ༢༠།༤༣༣༣ གཞིར་བཞག་པ་ཡིན་འདུག  གྲོས་ཚོགས་ནས་སུད་སི་དབུས་གཞུང་ལ་ཕྱི་འབྲེལ་སྲིད་བྱུས་སྐོར་གྱི་སྙན་ཐོ་ཞིབ་ཕྲ་ཞིག་ཕུལ་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང་། བརྗོད་བྱ་གཙོ་བོ་སུད་སི་བོད་མིའི་གནས་སྟངས་སྐོར་ཡིན་པ་དང་། ལྷག་པར་དུ་སྨྲ་བརྗོད་རང་དབང་། སོ་ཉུལ་དང་འབྲེལ་བ་ཡོད། གྲོས་ཚོགས་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༡༥ ཉིན་གྲོས་ཆོད་བཏོན་པ་ལ་བརྟེན་ནས་གཞུང་འབྲེལ་སྙན་ཐོ་འདི་བྱུང་བར་བརྗོད། དེ་བཞིན་སྙན་ཐོའི་ལེའུ་རེ་རེའི་ནང་གི་བརྗོད་དོན་གསལ་དོན།

ལེའུ་ ༣ པའི་ནང་དུ་བོད་པ་དང་ཡུ་གུར་བའི་སྐྱབས་བཅོལ་སྲིད་བྱུས་ལ་དབྱེ་ཞིབ་བྱས་པ་དང་། དེའི་ནང་དུ་སྐྱབས་བཅོལ་བའི་ངོས་འཛིན་དང་ཕྱིར་འབུད་ལག་བསྟར་སྐོར། སུད་སི་རྒྱལ་ཁབ་ནང་གི་བོད་པའི་ཁྲིམས་ཐོག་གི་གནས་བབ་དང་། ལེའུ་ ༤ པའི་ནང་དུ་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ། ལྷག་པར་སུད་སིའི་ནང་གནས་སྡོད་བོད་མི་དང་ཡུ་གུར་བཙན་བྱོལ་སྤྱི་ཚོགས་སུ་སོ་ཉུལ་བྱེད་སྟངས། ལེའུ་ ༥ པའི་ནང་དུ་སུད་སི་རྒྱལ་ཁབ་ནང་གི་བོད་མི་དང་ཡུ་གུར་བར་རྒྱ་ནག་གི་གནོན་ཤུགས་ཀྱིས་གཞི་རྩའི་ཐོབ་ཐང་ལ་ཚོད་འཛིན་ཡོད་མེད། ལྷག་པར་དུ་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཐོག་གསལ་སྟོན་གནང་ཡོད། ལེའུ་ ༦ པའི་ནང་དུ་ཁྲིམས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་གདོང་ལེན་བྱེད་ཐབས་དང་སྲིད་བྱུས་ལ་དབྱེ་ཞིབ་ཀྱིས་སྔོན་འགག་གི་བསམ་འཆར་བཏོན་ཡོད། ལེའུ་ ༩ པའི་ནང་དུ་སུད་སི་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་བྱེད་ཐབས་ལག་བསྟར་གྱིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་སྔོན་འགག་བྱ་རྒྱུའི་སྐོར་གསལ་ཡོད་ཅེས་འཁོད་འདུག 

swissinfo གསར་ལམ་གྱི་པར།

མུ་མཐུད་དུ། སྙན་ཐོ་དེ་ནི་བྷ་སལ་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པའི་སྙན་ཐོ་གཞི་བཅོལ་གྱིས་སུད་སི་གཞུང་གིས་གཞུང་འབྲེལ་གྱི་བཏོན་པའི་སྙན་ཐོ་ཞིག་ཡིན། སྙན་ཐོའི་ནང་མ་འོངས་པར་བོད་མི་དང་ཡུ་གུར་བ་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ལ། རྒྱལ་སྤྱིའི་རིམ་པའི་ཐོག་ནས་རྒྱ་ནག་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ལ་མཐུན་འགྱུར་བྱེད་མཁན་གྱི་རྒྱལ་ཁབ་ཚང་མར་ཕྱི་འབྲེལ་གྱི་ཐོག་ནས་ཡ་ལན་སྤྲོད་རྒྱུ་དང་། དེ་ལ་བརྟེན་ནས་སུད་སིས་རྒྱ་ནག་གི་ད་ལྟའི་བྱ་སྤྱོད་ལ་བཟོད་སྒོམ་བྱེད་རྒྱུ་མིན་པ་མ་ཟད། རྒྱལ་ཁབ་ཀྱི་རིམ་པའི་ཐོག་ནས་ནང་ཁུལ་ཐབས་ལམ་ཏེ། དབང་འཛིན་པ་ཚོའི་ཁྲོད་དུ་གོ་རྟོགས་སྤེལ་བ་དང་གནོད་འཚེ་ཕོག་ཡུལ་ཚོར་རོགས་སྐྱོར་བྱ་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད་ཅེས་འཁོད་འདུག 

སྙན་ཐོ་དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ནས་སུད་སི་དབུས་གཞུང་ལ་ཞུ་གཏུག་རབ་དང་རིམ་པ་ཞུས་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ས་གནས་སུ་གཞུང་འབྲེལ་མཚམས་གཟིགས་ནམ་ཕེབས་སྙན་ཐོའི་ཐད་སུད་སི་གཞུང་ལ་ཞུ་གཏུགས་ཐེངས་མང་གནང་ཡོད་པར་བརྟེན་ནས་བྱུང་བ་ཞིག་ཡིན་པར་བརྗོད་འདུག  ད་ཐེངས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ནས་སུད་སི་གཞུང་ནས་ལོ་མང་རྗེས་སྙན་ཐོ་སྟོན་པ་དེ་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་སུད་སིའི་གསར་འགྱུར་བརྒྱུད་ལམ་ནང་དུ་གཞུང་འབྲེལ་གྱིས་སྙན་ཐོ་དེ་བཏོན་རྗེས། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། སུད་སི་གཞུང་གི་སྙན་ཐོའི་ནང་རྒྱ་ནག་གིས་སུད་སིའི་ནང་གནས་སྡོད་བྱེད་པའི་བོད་མི་དང་ཡུ་གུར་བ་ཚོར་དམ་བསྒྲགས་བྱེད་ཀྱི་ཡོད་པའི་སྐོར་བཤད་པ་དེར་ངོས་ལེན་མེད་པར་བརྗོད་པ་དང་། སྙན་ཐོའི་ནང་གི་གནས་ཚུལ་དེ་དག་རྫུན་གཏམ་ཡིན་པར་བརྗོད་ཡོད་འདུག དེ་བཞིན་ཁོས། སུད་སི་གཞུང་གིས་རྒྱ་ནག་གི་གཞི་རྩའི་ཁེ་ཕན་དང་གལ་ཆེའི་སེམས་འཚབ་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། ཕྱི་ལོགས་སུ་རྫུན་གཏམ་ཁྱབ་སྤེལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས། བོད་དང་ཤིན་ཅང་གི་གནད་དོན་ཐོག་ཆབ་སྲིད་ཀྱི་འཁྲབ་སྟོན་བྱེད་པ་དང་རྒྱ་ནག་ལ་མཐོང་ཆུང་བྱེད་པ་དེ་དག་དངོས་ཡོད་གནས་ཚུལ་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པར་བཀོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།