སུད་སི་སྐུ་ཚབ་དོན་གཅོད་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་ཅེག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་གནང་།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་ཅེག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་འདུག

ཕྱི་ཟླ་༤ པའི་ཚེས་༢༩ ཉིན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱི་སྣེ་ཁྲིད་འོག རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་དང་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་མ་ཡེ་ཁལ་ཝན་ཝོལཊ་པ་རཱག སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་པ་ཕུན་ཚོགས་སྟོབས་རྒྱལ་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཅེག་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག
བཞུགས་མོལ་ཚོགས་འདུ་དེ་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇིཊི་ཀ་སེ་ཌི་ལོ་ཝ་ (Jitka Seitlova) ཡིས་གཙོ་སྐྱོང་གནང་ཞིང་། སྐབས་དེར་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོའི་ལས་ཚབ་སྐུ་ཞབས་ཇི་རི་རུ་ཛི་ཀ་ (Jiri Ruzicka) དང་། ཅེག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཧ་ཡ་ཊོ་ཨོ་ཀ་མུ་ར་ (Hayato Okamura) ཅེག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ལྕམ་སྐུ་ཀེ་ཊི་རི་ནཱ་ཇེ་ཁུ་སི (Katerina Jacques) ། ཅེག་གྲོས་ཚོགས་འཐུས་མིའི་ལས་རོགས་ལྕམ་སྐུ་ལུ་སི (Lucie) ། དེ་བཞིན་ཅེག་གྲོས་ཚོགས་ཀྱི་སློབ་སྟོན་པ་སྐུ་ཞབས་མ་ཐི་ཡཱ་སི་ན་ཐ་ནི་ཨེལ་བ་རོ་ཊེཀ་(Matyas Nataniel Barotek) བཅས་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུའི་ཐོག་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇིཊི་ཀ་སེ་ཌི་ལོ་ཝ་ (Jitka Seitlova) ཡིས། ཅེག་སྤྱི་མཐུན་རྒྱལ་ཁབ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བསྐྱར་ནན་དང་སྦྲགས། འདི་ལོར་ཅེག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་གསལ་བཀྲོལ་གནང་འདུག
རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་དང་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་མ་ཡེ་ཁལ་ཝན་ཝོལཊ་པ་རཱག་གིས་ཅེག་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་དང་། བོད་ཀྱི་ཆོས་དང་རིག་གཞུང་ཙམ་ལ་མ་གཟིགས་པར། རྒྱལ་སྤྱིའི་ཆབ་སྲིད་དང་དྲང་བདེན་གྱི་གནད་དོན་ཞིག་ལ་འཛིན་དགོས་པའི་རེ་སྐུལ་ཞུས་འདུག་ལ། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་སྐོར་གསལ་འདོན་གནང་ཡོད་འདུག
ཅེག་གྲོས་ཚོགས་འཐུས་མི་རྣམ་པ་དང་བཞུགས་མོལ་ཚོགས་འདུ་གྲོལ་རྗེས། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་ཅེག་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇི་རི་ཨོ་བར་བལ་ཛར་ (Jiri Oberfalzer) དང་མཇལ་འཕྲད་ཀྱིས་ཕྱོགས་ཕན་ཚུན་དབར་གནད་དོན་མང་པོའི་ཐོག་བཀའ་བསྡུར་གནང་སྟེ། ཞི་བདེའི་གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པལ་ (Jakub Klepal) དང་ལྷན། འབྱུང་འགྱུར་གླེང་སྟེགས་ཐོག་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་དོན་གནད་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་ཡོད་པ་རེད།
མཇལ་མོལ་སོ་སོའི་ཐོག་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་གནད་ཡོད་མི་སྣ་རྣམ་པར་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ (Voice For the Voiceless) ཅེས་པ་ཕྱགས་རྟགས་སུ་ཕུལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།