སུད་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ།

སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་སུད་སི་སྤྱི་མཐུན་གཞུང་ནས་རྒྱ་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་ནན་སྐུལ་བྱེད་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༡༧ ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མོ་ཡིན་པར་བརྟེན། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་སུད་སི་སྤྱི་མཐུན་གཞུང་ནས་རྒྱ་གཞུང་ལ་༧པན་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་ནན་སྐུལ་བྱེད་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེའི་ནང་། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གིས་ལོ་ན་དྲུག་ལ་སོན་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་ལྷན་རྒྱས་བཙན་ཁྲིད་བྱས་པར་སྐྱོན་བརྗོད་གནང་ཡོད་འདུག་ལ།

དེ་བཞིན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ནི་ཁོ་ལ་སི་ཝལ་ཌར་༼Nicolas Walder༽ ལགས་ཀྱིས། རྒྱ་གཞུང་གི་དམིགས་ཡུལ་ནི་གསལ་པོ་རེད། རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རིན་པོ་ཆེའི་བརྒྱུད་ནས་དྲིལ་བསྒྲགས་བྱས་པ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་དབང་འཛིན་པ་ཚོས་བོད་ནང་རྫུན་མའི་ཆོས་དད་རང་དབང་ཡོད་པ་ར་སྤྱོད་བྱེད་འདོད་ཡོད་ཅེས་དང་།

གཞན་ཡང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་ཡུལ་ངོ་མ་ནི་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ལ་དམ་དྲག་བྱས་པའི་བརྒྱུད། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་ཀྱི་གྲ་སྒྲིག་བྱ་རྒྱུ་དེ་ཡིན་ཞེས་བརྗོད་འདུག

བསྒྲགས་གཏམ་ནང་། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་། ཁོང་གི་ནང་མི་ལྷན་རྒྱས་ཀྱི་གནས་སྟངས་ཁ་གསལ་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་མེད་པ། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། བོད་ཀྱི་སྐད་ཡིག་སྦྱོང་བའི་རང་དབང་དགོས་པ་བཅས་འབོད་སྐུལ་ཞུས་ཡོད་འདུག།

ཐེངས་འདིའི་མཉམ་འབྲེལ་གྱི་བསྒྲགས་གཏམ་སྤེལ་མཁན་ཁྲོད། གྲོས་ཚོགས་འཐུས་མི་ཊི་ཡ་ན་མོ་སར་ལགས། གྲོས་ཚོགས་འཐུས་མི་ནིག་གུ་གར་ལགས། གྲོས་ཚོགས་འཐུས་མི་ཕ་བྷི་ཡན་མོ་ལི་ན་ལགས། གྲོས་ཚོགས་འཐུས་མི་ནི་ཀོ་ལ་སི་ཝལ་ཌར་ལགས། གྲོས་ཚོགས་འཐུས་མི་མ་ཡ་གྷ་རཕ་ལགས་བཅས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་སྤེལ་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།