སུམྦྷ་ཆོས་འབྱུང་། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ། སྙན་ཚིག་རིག་པའི་དཀའ་གནད།

སུམྦྷ་ཆོས་འབྱུང་།

སུམྦྷ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི་སུམྦྷ་ཆོས་འབྱུང་དེ་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༣༨ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེར་ནང་ཆོས་བོད་ཡུལ་དུ་དར་ཁྱབ་བྱུང་རྗེས་སུ་བོད་ཀྱི་བཙན་པོ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བླ་ཆེན་དམ་པ་རྣམས་ཀྱིས་མདོ་དབུས་སྟོད་སྨད་ཀུན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་མཛད་ཚུལ། བཀའ་གདམས་གསར་རྙིང་གི་དགོན་སྡེ་ཇི་ལྟར་བྱུང་ཚུལ། གཞན་ཡང་གྲུབ་མཐའ་ཁག་སོ་སོར་འཕེལ་འགྲིབ་ཇི་ལྟར་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་ཞིབ་རྒྱས་དང་། གྲུབ་མཐའ་འགའ་ཞིག་གི་འདོད་ཚུལ་ལ་དགག་གཞག་གི་སྤྲོས་པ་ངེས་ཅན་ཡང་གནང་འདུག

བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ།

ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ་ཞེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་༣༧ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་བོད་ཀྱི་གནའ་བོའི་ཤེས་རིག་དང་དུས་རབས་ཀྱི་ལོ་རྒྱུས་ལ་ངོས་འཛིན་ཇི་ལྟར་དགོས་པའི་ངོ་སྤྲོད་འགྲེལ་བརྗོད་རིགས་ལམ་གྱི་གསལ་བཤད་བགྱིས་པའི་དཔེ་དེབ་ཅིག་ཡིན་པ་རེད།

སྙན་ཚིག་རིག་པའི་དཀའ་གནད།

ཌོག་ཊར་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི་སྙན་ཚིག་རིག་པའི་དཀའ་གནད་ཅེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་༢༦ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེའི་ནང་བོད་དུ་སྙན་གཞུང་མེ་ལོང་མའི་འགྲེལ་བ་དར་འཕེལ་བྱུང་ཚུལ་དང་། བོད་དུ་སྙན་རྩོམ་ཐོག་མར་བྱུང་བའི་དུས་ལ་དཔྱད་པ། སྙན་ངག་དང་ཚིག་རྒྱན་གོ་དོན་གྱི་ཁྱད་པར་ལ་དཔྱད་པ། རྩོམ་རིག་ཅེས་པའི་གོ་དོན་འགྲེལ་ཚུལ་ལ་དཔྱད་པ། སྙན་ངག་གི་སྲོག་ལ་དཔྱད་པ། དོན་རྒྱན་གྱི་ནང་གསེས་སྦྱར་བའི་རྒྱན་ལ་དཔྱད་པ་བཅས་འཁོད་ཡོད་པ་རེད།།