སུའུ་ཌན་གྱིས་སོ་སོའི་རྒྱལ་ཁབ་ཏུ་ཡོད་པའི་ཁུང་ཙི་སློབ་གཉེར་ཁང་མཐའ་མ་དེའང་སྒོ་བརྒྱབ་འདུག 

 

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་བསླངས་པའི་དཀའ་ཉེན་དཔག་མེད་ཁྲོད། འཛམ་གླིང་གི་རྒྱལ་ཁབ་ཚོས་རྒྱ་ནག་གི་ངོ་གདོང་ངོ་མ་དེ་མཐོང་འགོ་རྩོམ་བཞིན་ཡོད་པ་ལྟར། སུའུ་ཌན་གྱིས་སོ་སོའི་རྒྱལ་ཁབ་ཏུ་ཡོད་པའི་ཁུང་ཙི་སློབ་གཉེར་ཁང་(Confucius Institute)མཐའ་མ་དེའང་སྒོ་བརྒྱབ་ཡོད་འདུག 

ཟླ་འདིའི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཁྲོད་སུའུ་ཌན་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། སུའུ་ཌན་གྱིས་སོ་སོའི་ས་ཐོག་ཏུ་ཡོད་པའི་ཁུང་ཙི་སློག་གཉེར་ཁང་མཐའ་མ་དེའང་སྒོ་བརྒྱབ་ཡོད་འདུག 

རྒྱ་ནག་གཞུང་གིས་ལོ་ ༢༠༠༤ ལོར་མ་དངུལ་ཕོན་ཆེན་བཏང་སྟེ་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་ཁུང་ཙི་སློབ་གཉེར་ཁང་ཞེས་པ་གསར་འཛུགས་བྱེད་འགོ་བརྩམས་ཤིང་། ལས་གཞིའི་དེའི་དམིགས་ཡུལ་ནི་རྒྱའི་རིག་གཞུང་དང་སྐད་ཡིག་ཁྱབ་སྤེལ་གཏོང་ཆེད་ཡིན་ཚུལ་བཤད་ཡོད། འོན་ཀྱང་། ད་ལྟ་སློབ་གཉེར་ཁང་དེ་དག་རྒྱ་ནག་གི་རྫུན་བསྒྲགས་དང་གསང་ཉུལ་གྱི་ལག་ཆ་ཞིག་ཡིན་པ་མངོན་གསལ་དོད་དུ་འགྲོ་བཞིན་པར་བརྟེན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་སློབ་གཉེར་དེ་དག་གི་སྒོ་རྒྱག་པའི་འགོ་ཚུགས་ཡོད།

སྔོན་ཆད་སུའུ་ཌན་དང་རྒྱ་ནག་གི་འབྲེལ་ལམ་ཡག་པོ་ཡོད་འདུག་སྟེ། སུའུ་ཌན་གྱིས་ཕྱི་ལོ་ ༢༠༠༥ ལོར་སོ་སོའི་རྒྱལ་ཁབ་ཏུ་ཡུ་རོབ་ཀྱི་ཁུང་ཙི་སློབ་གཉེར་ཁང་ཆེས་ཐོག་མ་དེ་གསར་འཛུགས་བྱེད་དུ་བཅུག་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་ཝོལ་ཝོ་རླངས་འཁོར་བཟོ་ཚོང་ཁང་(Automaker Volvo)གི་སྤྱིན་བདག་རྒྱ་མི་བྱེད་དུ་བཅུག་ཡོད་འདུག ཡིན་ན་ཡང་། ཕྱི་ལོ་ ༢༠༡༥ ལོར་སུའུ་ཌན་གྱིས་སློབ་གཉེར་ཁང་ཐོག་མ་དེའི་སྒོ་བརྒྱབ་པ་དང་། སྐབས་དེའི་སྲིད་བློན་གཞོན་པ་ཨ་སི་ཐི་(Astrid Soderberg Widding)ཡིས་སློབ་གཉེར་ཁང་དེའི་སྒོ་རྒྱག་པའི་སྐབས། “སྤྱིའི་ཆ་ནས་བཤད་ན། སློབ་གྲྭ་ཆེན་མོ་ཞིག་གི་ལས་གཞིའི་ནང་རྒྱལ་ཁབ་གཞན་གིས་མ་དངུལ་བཏང་བའི་སློབ་གཉེར་ཁང་ཞིག་འཛུགས་རྒྱུ་དེ་དྲི་བ་འདོན་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་”ཅེས་་བརྗོད་ཡོད་འདུག་པ་དང་། ད་ལྟའི་ཆར་སུའུ་ཌན་ནི་ཁུང་ཙི་སློབ་གཉེར་ཁང་ཚང་མའི་སྒོ་རྒྱག་མཁན་གྱི་ཡུ་རོབ་རྒྱལ་ཁབ་དང་པོ་དེ་ཆགས་ཡོད་འདུག 

སུའུ་ཌན་དང་རྒྱ་ནག་གི་འབྲེལ་ལམ་དེ་འཇིགས་སུ་རུང་བའི་ནད་ཡམས་ཀྱི་སྔོན་ནས་ཇེ་སྡུག་ཏུ་འགྲོ་འགོ་ཚུགས་ཟིན་འདུག་སྟེ། ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གིས་སུའུ་ཌན་གྱི་རྩོམ་པ་པོ་གྷུའུ-མིན་ཧོ་(Gui Minhai)འཛིན་བཟུང་བཙོན་འཇུག་བྱས་པ་ན། སུའུ་ཌན་པེན་རྩོམ་པ་པོ་མཐུན་ཚོགས་ནས་ཁོང་ལ་ཆེ་མཐོང་གི་གཟེངས་རྟགས་ཕུལ་བར་བརྟེན། རྒྱ་ནག་གིས་སུའུ་ཌན་ཐོག་ལ་ཚོང་གི་བཀག་རྒྱ་བཞག་སྟེ་འཁོན་ལན་བསློགས་ཡོད་འདུག

ད་ལྟའི་ཆར་ཨ་རིའི་ནང་ཁུང་ཙི་སློབ་གཉེར་ཁང་ ༨༦ ཙམ་ཡོད་འདུག་ཅིང་། དེ་དག་གི་ལ་ལ་ཞིག་སི་ཏྲན་ཧྥོར་སློབ་ཆེན་(Standford University)ལྟ་བུའི་གྲགས་ཅན་གྱི་སློབ་གྲྭ་ཁག་ཏུ་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཨ་རིའི་ཆེས་མཐོའི་ཉེས་རྟོག་ལས་ཁུངས་(FBI)ཀྱི་འགན་འཛིན་ཟུར་པས་ཨ་རིའི་གྲོས་ཚོགས་མདུན་དུ་སློབ་གཉེར་ཁང་དེ་དག་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པའི་དཔང་མིརྟགས་བྱས་ཡོད་འདུག།

གསར་འགོད་པ་དཀོན་མཆོག་རབ་བརྟན།