སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡའི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་རྣམས་གློད་གྲོལ་བཏང་འདུག
སེ་པན་གཞུང་གིས་སེ་པན་མི་མང་ཁྲོད་རྒྱབ་སྐྱོར་ཆེན་པོ་མེད་པ་ཤེས་བཞིན་དུ། ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་གྱི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་རྣམས་ཀྱི་ཉེས་པ་ཆག་ཡང་བཏང་ནས་བཙོན་གྲོལ་བཏང་འདུག་པ་དང་། ཐག་གཅོད་དེ་ལ་བརྟེན་ནས་ཕྱོགས་གཉིས་བར་འབྲེལ་ལམ་བཟང་དུ་འགྲོ་བའི་རེ་བ་བཅང་གི་ཡོད་འདུག
ཟླ་༦ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༣ ཉིན་ཕྱི་ལོ་༢༠༡༧ ལོར་ཁེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་དེ་སེ་པན་རྒྱལ་ཁབ་ནས་ཁ་བྲལ་ཏེ་རང་བཙན་གྱི་གནས་བབ་འོག་སྡོད་ཐབས་སུ། མང་མོས་འོས་བསྡུའི་ཐག་གཅོད་སོགས་གྲ་སྒྲིག་བྱེད་མཁན་གྱི་འགོ་ཁྲིད་དང་ལས་འགུལ་བ་༩ བཙོན་གྲོལ་བཏང་འདུག དེ་ཡང་ཁོང་རྣམས་ལོ་གསུམ་དང་ཕྱེད་ཀ་ནས་བཞི་བར་བཙོན་ཁང་ནང་བསྡད་ཡོད་འདུག ཁོང་རྣམས་བཙོན་གྲོལ་བཏང་སྐབས་སུ། གསར་དུ་བསྐོ་གཞག་བྱས་པའི་ཀེ་ཌ་ལོ་ནི་ཡ་ཁུལ་གྱི་འགོ་ཁྲིད་དང་། རྒྱབ་སྐྱོར་བ་ཚོ་ཕེབས་བསུ་བྱེད་པར་སླེབས་ཡོད་འདུག
སེ་པན་དབུས་གཞུང་གིས་འགོ་ཁྲིད་དང་ལས་འགུལ་བ་དེ་དག་བཙོན་གྲོལ་བཏང་བ་དེས། མ་འོངས་པར་ཀེ་ཌ་ལོ་ནི་ཡ་སྲིད་གཞུང་དང་གྲོས་མོལ་བྱེད་པའི་སྐུལ་འདེད་གཏོང་ཐུབ་པར་རེ་བ་བྱེད་ཀྱི་ཡོད་འདུག ད་ཡོད་ཀེ་ཌ་ལོ་ནི་ཡའི་འགོ་ཁྲིད་ཀྱིས་སྐབས་སྔོན་མ་དང་མི་འདྲ་བར། སེ་པན་གཞུང་དང་གྲོས་མོལ་བྱས་ཏེ་དབུས་གཞུང་གི་ཆོག་མཆན་ཡོད་པའི་ཐོག རང་ཐག་རང་གཅོད་ཀྱི་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་ཐབས་དང་། བཙན་བྱོལ་དུ་བྲོས་བྱོལ་སོང་བའི་རང་བཙན་གྱི་འགོ་ཁྲིད་གཞན་རྣམས་ལ་ཉེས་པ་ཆ་ཚང་ཆག་ཡང་ཡོང་ཐབས་ལ་འབད་རྒྱུ་ཁས་ལེན་བྱས་ཡོད་པ་རེད།
དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༡༠ པའི་ཚེས་༡ ཉིན་ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་དུ། མི་མང་བརྒྱ་ཆ་༤༣ གྱིས་རང་བཙན་དགོས་མིན་ཐད་ཀྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་ཡོད་པ་དང་། གྲུབ་དོན་དུ་མི་མང་བརྒྱ་ཆ་༩༠ ལ་ཉེ་བས་རང་བཙན་གྱི་མངོན་འདོད་ལ་རྒྱབ་སྐྱོར་བྱས། ཟླ་༡༠ པའི་ཚེས་༡༠ ཉིན་ཁུལ་དེའི་གྲོས་ཚོགས་ནང་། ཀེ་ཌ་ལོ་ནི་ཡའི་སྲིད་འཛིན་ཀལ་སེ་པིའུ་ཌེ་མོན་གྱིས་གྲུབ་དོན་དེས་ཀེ་ཌ་ལོ་ནི་ཡ་རང་བཙན་རྒྱལ་ཁབ་ཆགས་པའི་དབང་ཚད་ཐོབ་ཡོད་སྐོར་བརྗོད་ནས། ཁོང་དང་འགོ་ཁྲིད་ཁག་ཅིག་གིས་གྲོས་ཚོགས་རྭ་བའི་ཕྱི་ལོགས་སུ་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ཡོད་པ་རེད། འོན་ཀྱང་སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་གྲོས་ཚོགས་ནས་གཞུང་འབྲེལ་གྱི་བསྒྲགས་གཏམ་སྤེལ་རྒྱུར་གནས་སྐབས་རིང་བཀག་ནས། སེ་པན་གཞུང་ལ་གྲོས་མོལ་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད་དེ། སེ་པན་གཞུང་གིས་དེ་སྔོན་ནས་མང་མོས་ཐག་གཅོད་འོས་བསྡུ་དེ་ནི་རྩ་ཁྲིམས་དང་རྒྱབ་འགལ་འགྲོ་བ་ཞིག་ཡིན་པ་དང་། དེར་ངོས་ལེན་བྱེད་ཐབས་མེད་སྐོར་གྱི་ཉེན་བརྡ་མང་པོ་བཏང་ནས། མཐའ་མ་དེར་ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་དང་སྲིད་གཞུང་ཕྱིར་བསྡུ་བྱས་ཡོད་པ་རེད། དེ་བཞིན་བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་བཀའ་བཏང་ནས། འོས་བསྡུ་བསྐྱར་དུ་བྱས་བཅུག་པ་རེད་དེ། མངའ་ཁུལ་གྱི་སྲིད་འཛིན་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་བསྐྱར་དུ་སླེབས་ཡོད་པ་རེད།
ཕྱི་ལོ་༢༠༡༩ ལོར་སེ་པན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཁུལ་དེའི་རང་བཙན་ལས་འགུལ་གྱི་འགོ་ཁྲིད་༩ ལ་དྲག་པོའི་གྱེན་ལངས་ཀྱི་ཉེས་པ་མེད་པ་ཐག་གཅོད་བྱས་ཡོད་ཀྱང་། ཁོང་རྣམས་ལ་གཞུང་སྲིད་མགོ་རྟིང་སློག་ཐབས་དང་། སྤྱི་པའི་དངུལ་བེད་སྤྱོད་ལོག་པ་བཏང་བ་སོགས་ཉེས་འཛུགས་ཀྱིས། ལོ་ངོ་༩ ནས་༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར། ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་ཡོད་པ་དང་། ལས་འགུལ་བ་སྟོང་ཕྲག་མང་པོས་གཞུང་ལམ་བཀག་འགོག མེ་འཁོར་གྱི་འགྲུལ་ལམ་དུས་ཐུང་རིང་བཀག་འགོག དེ་བཞིན་གནམ་ཐང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་གནམ་གྲུ་མང་པོ་ཞིག་ཕྱིར་འཐེན་བྱེད་དགོས་ཁེལ་འདུག ངོ་རྒོལ་ལས་འགུལ་སྐབས་སུ་ཉེན་རྟོག་པ་དང་ལས་འགུལ་བའི་བར་གདོང་ཐུག་ཆེན་པོ་བྱུང་ནས། མི་གྲངས་༡༣༠ ལྷག་རྨས་སྐྱོན་ཕོག་འདུག
སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡའི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་རྣམས་བཙོན་གྲོལ་བཏང་བ་དེར། སྲིད་དོན་ཚོགས་པ་གཞན་དང་མི་མང་མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག དེ་བཞིན་སེ་པན་གྱི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པས་དབུས་གཞུང་གི་ཐག་གཅོད་དེ་དང་འབྲེལ་ནས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།