སེ་པན་གྱིས་ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་དུ་ཐད་ཀར་འཛིན་སྐྱོང་བྱ་རྒྱུ།

སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་གྱི་རང་བཙན་གྱི་མེ་རོ་གསོད་ཆེད་དུ། ཁུལ་དེའི་རང་སྐྱོང་གི་གནས་བབས་ཅན་གྱི་གཞུང་ཡོད་པ་དེ་ཕྱིར་བསྡུ་བྱས་ཏེ། དབུས་གཞུང་ནས་ཐད་ཀར་འཛིན་སྐྱོང་བྱ་རྒྱུའི་ཐག་གཅོད་བྱས་འདུག

ཟླ་༡༠ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཀེ་ཌ་ལོ་ནི་ཡ་ཁུལ་དུ་སེ་པན་ནས་ཁ་བྲལ་ནས་རང་བཙན་གྱི་གནས་བབས་ལྡན་པའི་རྒྱལ་ཁབ་ཅིག་ཆགས་རྒྱུའི་མངོན་འདོད་ཐད། ཡུ་རོབ་ཁུལ་དུ་རྙོག་གླེང་ཆེན་པོ་ཆགས་ཡོད་པ་དང་། ད་ལྟའི་ཆར་རང་བཙན་བསྒྲགས་གཏམ་ལ་ཁུལ་དེའི་འགོ་ཁྲིད་ཚོས་མིང་རྟགས་བཀོད་ཟིན་ཡང་། སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་གྲོས་ཚོགས་ནས་གཞུང་འབྲེལ་ཐོག་བསྒྲགས་གཏམ་སྤེལ་མེད་པ་རེད། སེ་པན་གཞུང་གིས་གྲོས་མོལ་བྱེད་འདོད་ཀྱི་རྣམ་འགྱུར་གཅིག་ཀྱང་མ་བསྟན་པར། ཁུལ་དེའི་རང་སྐྱོང་གི་གནས་བབས་ཡོད་པའི་གཞུང་དེ་ཕྱིར་བསྡུ་བྱས་ནས། དབུས་གཞུང་ནས་ཐད་ཀར་འཛིན་སྐྱོང་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག

དེ་ཡང་ཟླ་༡༠ པའི་ཚེས་༡ ཉིན་སེ་པན་གྱི་ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་དུ། མི་མང་བརྒྱ་ཆ་༤༣ གྱིས་རང་བཙན་དགོས་མིན་ཐད་ཀྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་ཡོད་པ་དང་། གྲུབ་དོན་དུ་མི་མང་བརྒྱ་ཆ་༩༠ ལ་ཉེ་བས་རང་བཙན་གྱི་མངོན་འདོད་ལ་རྒྱབ་སྐྱོར་བྱས་རྗེས། ཟླ་༡༠ པའི་ཚེས་༡༠ ཉིན་ཁུལ་དེའི་གྲོས་ཚོགས་ནང་། སྲིད་འཛིན་ཀལ་སེ་པིའུ་ཌེ་མོན་གྱིས་གྲུབ་དོན་དེས་ཀེ་ཌ་ལོ་ནི་ཡ་རང་བཙན་རྒྱལ་ཁབ་ཆགས་པའི་དབང་ཚད་ཐོབ་ཡོད་སྐོར་བརྗོད་ནས། ཁོང་དང་འགོ་ཁྲིད་ཁག་ཅིག་གིས་གྲོས་ཚོགས་རྭ་བའི་ཕྱི་ལོགས་སུ་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ཡོད་པ་རེད། འོན་ཀྱང་སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་གྲོས་ཚོགས་ནས་གཞུང་འབྲེལ་གྱི་བསྒྲགས་གཏམ་སྤེལ་རྒྱུར་གནས་སྐབས་རིང་བཀག་ནས། སེ་པན་གཞུང་ལ་གྲོས་མོལ་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད།

སེ་པན་གཞུང་གིས་དེ་སྔོན་ནས་མང་མོས་ཐག་གཅོད་འོས་བསྡུ་དེ་ནི་རྩ་ཁྲིམས་དང་རྒྱབ་འགལ་འགྲོ་བ་ཞིག་ཡིན་པ་དང་། དེར་ངོས་ལེན་བྱེད་ཐབས་མེད་སྐོར་གྱི་ཉེན་བརྡ་མང་པོ་བཏང་ཡོད་པས། ཟླ་༡༠ པའི་ཚེས་༡༩ ཉིན་སེ་པན་གྱི་རྩ་ཁྲིམས་ནང་གི་དོན་ཚན་༡༥༥ པ་དེ་ནུས་ཡོད་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག དོན་ཚན་དེའི་ནང་སེ་པན་གཞུང་གིས་ཀེ་ཌ་ལོ་ནིའི་ཁུལ་གྱི་རང་སྐྱོང་གི་གནས་བབས་ལྡན་པའི་གཞུང་དེ་ཕྱིར་འཐེན་བྱ་རྒྱུ་དང་། ཁུལ་དེར་གཞུང་གསར་པ་ཡོང་ཆེད་འོས་བསྡུ་གསར་པ་བྱེད་དུ་འཇུག་པའི་དབང་ཚད་ཀྱང་ཡོད་འདུག ད་ལྟ་བར་དུ་དོན་ཚན་༡༥༥ པ་དེ་ནུས་ལྡན་བཟོས་པ་ཐེངས་དང་པོ་ཡིན་འདུག

སེ་པན་གྱི་འཛིན་སྐྱོང་འགོ་ཁྲིད་རྣམས་ཟླ་༡༠ པའི་ཚེས་༢༡ ཉིན་ཚོགས་འདུ་འཚོགས་ནས་མདུན་བསྐྱོད་གང་འདྲ་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། དེ་རྗེས་ཐག་གཅོད་དེ་དག་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་བཏོན་ནས་བགྲོ་གླེང་བྱ་རྒྱུ་ཡིན་འདུག ད་ལྟའི་ཆར་གྲོས་ཚོགས་ནང་སེ་པན་གྱི་སྲིད་བློན་རཱ་ཇའོ་ཡི་སྲིད་དོན་ཚོགས་པའི་འཐུས་མི་མང་མོས་ཡིན་འདུག་པས། གྲོས་ཆོད་དེར་རྒྱབ་སྐྱོར་ཐོབ་རྒྱུ་ངེས་གཏན་ཡིན་པ་རེད་འདུག

སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡ་རང་སྐྱོང་ཁུལ་དེ་དབུས་གཞུང་ནས་ཐད་ཀར་འཛིན་སྐྱོང་བྱ་རྒྱུའི་གསལ་བསྒྲགས་དེ་ཡང་། ཁུལ་དེའི་སྲིད་འཛིན་གྱིས་སེ་པན་གཞུང་གིས་གྲོས་མོལ་མ་བྱས་ཚེ་རང་བཙན་གྱི་བསྒྲགས་གཏམ་དེ་གཞུང་འབྲེལ་ཐོག་ནས་སྤེལ་རྒྱུའི་ཉེན་བརྡ་བཏང་རྗེས་བྱས་པ་ཞིག་ཡིན་འདུག

ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་མི་སྣ་དང་ཚོགས་མི་རྒྱལ་ཁབ་ཚོས། ཀེ་ཌ་ལོ་ནི་ཡའི་རང་བཙན་གྱི་གནད་དོན་དེ་ནི་སེ་པན་གྱི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་ཐོག ཀེ་ཌ་ལོ་ནི་ཡར་རྒྱབ་སྐྱོར་རྣམ་པ་གང་ཡང་བསྟན་མེད་ཁར། ཡུ་རོབ་ཁུལ་དུ་རང་བཙན་ཐོབ་པའི་རྒྱལ་ཁབ་ཆུང་ཆུང་ཚོས་ཀྱང་སེ་པན་ལ་ཕོག་ཐུག་མི་བཟོ་བའི་ཆེད་དུ་གང་ཡང་གླེང་མེད་པ་རེད་འདུག

ཀེ་ཌ་ལོ་ནི་ཡའི་མི་མང་གིས་རང་བཙན་གྱི་མང་མོས་ཐག་གཅོད་འོས་བསྡུ་བྱས་རྗེས། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་གཉིས་བར་གྱི་འགལ་ཟླ་མངོན་གསལ་དོད་དུ་ཕྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མི་མང་ལས་འགུལ་ཡང་སྤེལ་ཡོད་པ་རེད། སེ་པན་གཞུང་གིས་ཁ་བྲལ་གྱི་ལས་འགུལ་འགོ་ཁྲིད་གཙོ་བོ་གཉིས་འཛིན་བཟུང་ཐོག གྱེན་ལངས་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་འོག་ཞིབ་འཇུག་བྱེད་འགོ་བཙུགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།