སེ་པན་ནས་ཡིན་པས་རྨོ་རྨོ་ཞིག་འཛམ་གླིང་ནང་དགུང་ལོ་མཐོ་ཤོས་ཀྱི་ཟིན་ཐོའི་ནང་ཚུད་སྲིད་པའི་གནས་ཚུལ་ཐོན་འདུག

ཟླ་བ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།   ཕྱི་ལོ་༢༠༢༣ ལོའི་ཟླ་བ་༡ ཚེས་༡༧ ཉིན་ཧྥ་རན་སིའི་ནས་ཡིན་པའི་བཙུན་མ།<Lucile Randon>དགུང་ལོ་༡༡༨ ཐོག་འདས་གྲོངས་སུ་ཕྱིན་རྗེས། ཁོང་མོ་ནི་གྷན་ནི་སིའི་འཛམ་གླིང་ཟིན་ཐོའི་ནང་དགུང་ལོ་མཐོ་ཤོས་ཁོངས་སུ་ཚུད་ཡོད་པ་དང་། ད་ལྟའི་ཆར་བཙུན་མ་ཁོང་ཕུད་རྗེས། སེ་པན་ནས་ཡིན་པའི་རྨོ་རྨོ་<Maria Branyas Morera >ད་ལྟ་གཟུགས་གཞི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པའི་ཁར། དགུང་ལོ་༡༡༥ ཡིན་པས་ཁོང་མོ་ཡང་། མ་འོངས་པར་གྷན་ནི་སི་འཛམ་གླིང་ཟིན་ཐོའི་ནང་དགུང་ལོ་མཐོ་ཤོས་ཁོངས་སུ་ཚུད་སྲིད་པའི་གནས་ཚུལ་ཐོན་འདུག

སེ་པན་ནས་ཡིན་པའི་རྨོ་རྨོ་<Maria Branyas Morera >ཡིས་ཕྱི་ལོ་༡༩༣༡ ལོར་ཨེམ་རྗེ་ཞིག་དང་ཆང་ས་རྒྱབ་རྗེས་བཟང་ཚང་གཉིས་ལོ་ངོ་༤༠ རིང་འཚོ་བ་མཉམ་དུ་སྐྱེལ་ཡོད་ཅིང་། ཁོང་མོའི་ཁྱོ་ག་དགུང་ལོ་༧༢ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གཉིས་བར་ལ་ཕྲུག་གུ་གསུམ་ཡོད་ཅིང་། ཕྲུ་གུ་གཅིག་གྲོངས་ཟིན་པ་རེད་འདུག་ལ། ཁོང་མོ་ལ་ཚ་བོ་དང་ཚ་མོ་༡༡ དང་ཡང་ཚ་༡༡ ཡོད་འདུག

རྨོ་རྨོ་<Maria Branyas Morera >ཡི་མི་ཚེ་ནང་འཛམ་གླིང་དམག་ཆེན་གཉིས་དང་སེ་པན་ནང་གི་ནང་འཁྲུག་བཅས་ཀྱི་རྒྱུད་རིམ་རྣམས་མཐོང་མྱོང་མཁན་ཞིག་ཀྱང་རེད་འདུག

དེ་བཞིན། རྨོ་རྨོ་<Maria Branyas Morera >ཡི་བུ་མོ་ཆུང་ཤོས་<Branyas Morera>ནི་ད་ལྟ་ལོ་༧༨ ཡིན་པ་དང་ཁོང་མོས། ངའི་ཨ་མ་ལགས་སྨན་ཁང་ལ་ནམ་ཡང་འགྲོ་མྱོང་མེད་ལ། ཁོང་མོའི་གཟུགས་པོའི་རུས་པ་གཅིག་ཀྱང་ཆག་མྱོང་མེད། ཁོང་མོའི་གཟུགས་པོ་ལ་ན་ཚ་གང་ཡང་མེད་པ་དང་གཟུགས་གཞི་གནས་སྟངས་ཧ་ཅང་ཡག་པོ་ཡོད་ཅེས་བརྗོད་ཡོད་འདུག

རྨོ་རྨོ་<Maria Branyas Morera >ཡིས། ངས་དམིགས་བསལ་གང་ཡང་བྱེད་ཀྱི་མེད། ངས་བྱེད་པ་ཁོ་ན་ནི་འཚོ་བཞིན་ཡོད་ཅེས་བརྗོད་འདུག

གཞན་ཡང་ད་ལྟ་བར་གྷན་ནི་སི་འཛམ་གླིང་ཟིན་ཐོའི་ནང་དགུང་ལོ་མཐོ་ཤོས་ཁོངས་སུ་ཚུད་མཁན་ནང་ནས། དགུང་ལོ་ཆེ་ཤོས་ནི་དགུང་ལོ་༡༢༢བར་བཞུགས་མཁན། ཧྥ་རན་སི་ནས་ཡིན་པའི་བུད་མེད<Jeanne Louise Calment> ཟེར་བ་དེ་ཡིན་པ་དང་། དེ་བཞིན་གྷན་ནི་སི་འཛམ་གླིང་ཟིན་ཐོའི་ནང་དགུང་ལོ་མཐོ་ཤོས་ཁོངས་སུ་ཚུད་མཁན་ནང་ནས། དགུང་ལོ་ཆུང་ཤོས་ནི་༡༠༧ བར་བཞུགས་མཁན་ཨ་རི་ནས་ཡིན་པའི་ <Jennie Howell >ཟེར་མཁན་མི་ཞིག་ཡིན་འདུག །

གསར་འགོད་པ་བདེ་སྒྲོན། 

Share this:

Leave a Reply