སེ་ཝི་ཌེན་ལ་དོས་སྐྱེལ་རླངས་འཁོར་བེད་སྤྱད་པའི་དྲག་རྒོལ།
ཡུ་རོབ་ཀྱི་རྒྱལ་ཁབ་སེ་ཝི་ཌེན་ལ་དྲག་སྤྱོད་པ་ཞིག་གིས་དོས་སྐྱེལ་རླངས་འཁོར་བཙན་ཁྲིད་བྱས་ཏེ་མི་ཚོགས་དཀྱིལ་དུ་བཏང་ནས། ཉུང་མཐར་ལ་མི་གསུམ་བསད་ཡོད་པ་དང་། མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༧ ཉིན་སེ་ཝི་ཌེན་གྱི་རྒྱལ་ས་སི་ཊོག་ཧོམ་གྲོང་ཁྱེར་དབུས་སུ། སྦི་རག་དོས་སྐྱེལ་རླངས་འཁོར་ཞིག་གི་ཁ་ལོ་བས་སྦི་རག་ཕྱིར་འབེབ་བཞིན་པའི་སྐབས། གདོང་འབག་ནག་པོ་གྱོན་མཁན་མི་ཞིག་གིས། རླངས་འཁོར་ནང་དུ་འཛུལ་ནས་དེ་བཙན་ཁྲིད་བྱས་ཏེ་བྲོས་ཕྱིན་ཡོད་འདུག་པ་དང་། དེ་རྗེས་གྲོང་ཁྱེར་གྱི་མི་མང་ཕོན་ཆེན་འཛོམས་ཡུལ་གྱི་ཁྲོམ་ལམ་ཞིག་ཐོག་ཏུ། རྐང་ཐང་འགྲོ་བཞིན་པའི་མི་ཚོགས་དཀྱིལ་ལ། རླངས་འཁོར་དེ་མགྱོགས་ཚད་མཐོན་པོའི་ཐོག་བཏང་ནས་དྲག་རྒོལ་བྱས་ཡོད་འདུག རྗེས་སུ་ཚོང་ཁང་ཆེན་པོ་ཞིག་གི་མདུན་དུ་བརྡབ་སྐྱོན་བྱུང་འདུག དྲག་སྤྱོད་དེའི་ཁྲོད་ཉུང་མཐར་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་ཁར། མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་འདུག
ད་ལྟའི་ཆར་དྲག་སྤྱོད་པ་དེ་འཛིན་བཟུང་ཐུབ་མེད་ཀྱང་། ཉེན་རྟོག་པས་དོགས་གཞིའི་མི་ཞིག་གི་པར་ཕྱིར་བསྒྲགས་བྱས་ནས། མི་དེ་འཚོལ་ཞིབ་བྱེད་བཞིན་པ་ཡིན་འདུག
སུ་ཝི་ཌེན་གྱི་སྲིད་བློན་སེ་ཀྲི་ཝེན་ལོ་ཝེན་གྱིས། དྲག་སྤྱོད་དེ་འཇིགས་སྐུལ་རིང་ལུགས་པའི་བྱེད་ལས་དང་མཐུན་གྱི་ཡོད་སྐོར་བརྗོད་འདུག
དེ་སྔོན་ཕྱི་ལོ་༢༠༡༠ ལོར་ས་ཁུལ་དེར་རང་མེད་གཞན་མེད་འབར་གས་མཁན་ཞིག་གིས་འབར་རྫས་སྤར་ཡོད་འདུག་པ་དང་། སྐབས་དེར་དྲག་སྤྱོད་པ་ཁོ་རང་ཤི་ཡོད་ཁར་མི་༢ ལ་རྨས་སྐྱོན་བཟོས་ཡོད་འདུག
ལོ་སྔོན་མ་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པས་རླངས་འཁོར་བེད་སྤྱད་ནས་མི་གསོད་ཁྲག་སྦྱོར་བྱས་པའི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའིཚེས་༡༤ ཉིན་ཧྥེ་རན་སིའི་གྲོང་ཁྱེར་ནི་སེར་འཇིགས་སྐུལ་རིང་ལུགས་པ་ཞིག་གིས། མི་ཚོགས་དཀྱིལ་དུ་དོས་སྐྱེལ་རླངས་འཁོར་བཏང་ནས་མི་༨༦ བསད་ཡོད་ཁར་༣༠༠ ལས་མང་བར་རྨས་སྐྱོན་བཟོས་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ པའི་ཚེས་༡༩ ཉིན་འཇར་མན་གྱི་གྲོང་ཁྱེར་བྷེར་ལེན་གྱི་ཁྲོམ་དཀྱིལ་དུ་དྲག་རྒོལ་དེ་མཚུངས་ཞིག་བྱས་ཏེ་མི་༡༢ བསད་པ་དང་ཉུང་མཐར་༤༨ ལ་རྨས་སྐྱོན་བཟོས་ཡོད་པ་རེད། ཉེ་བའི་ཆར་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་ཚེས་༢༢ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་གྲོས་ཚོགས་ཁང་ཉེ་འགྲམ་དུ་དྲག་སྤྱོད་དེ་རིགས་ཞིག་སྤེལ་ཏེ། མི་༦ ཤི་ཡོད་པ་དང་ཉུང་མཐར་༥༠ ལ་རྨས་སྐྱོན་བཟོས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།