སེམས་དཔའ་ཆེན་མོ་གྷན་ངྷིའི་ཡང་ཚ་ཞིག་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་སྐུ་གྲོངས་འདུག
རྒྱ་གར་རང་བཙན་གྱི་འཐབ་རྩོད་པ་དང་འཚེ་མེད་ཞི་བའི་ལས་འགུལ་གྱི་སྲོལ་གཏོད་པ་པོ་གྷན་ངྷིའི་ཡང་ཚ་(great-grandson)ཞིག་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་སྐུ་གྲོངས་འདུག
རྒྱ་གར་རང་བཙན་གྱི་འཐབ་རྩོད་པ་དང་འཚེ་མེད་ཞི་བའི་ལས་འགུལ་གྱི་སྲོལ་གཏོད་པ་པོ་གྷན་ངྷིའི་ཡང་ཚ་(great-grandson)ཞིག་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་སྐུ་གྲོངས་འདུག
ཕྱི་ཟླ་༡༡ ཚེས་༢༣ རེས་གཟའ་ཟླ་བའི་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སེམས་དཔའ་ཆེན་མོ་གྷན་ངྷིའི་ཡང་ཚ་སཱ་ཊེ་ཤཱ-ཌོའུ་ཕི་ལི་ཡ་(Satish Dhupelia) ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཕོག་སྟེ་ཟླ་བ་གཅིག་ཙམ་ལ་སྨན་ཁང་དུ་བཞུགས་རྗེས་ཁ་སང་རེས་གཟའ་ཉི་མའི་ཉིན་སྨན་ཁང་དུ་གྲོངས་འདུག་པ་དང་། གྲོངས་པའི་སྐབས་དགུང་ལོ་༦༦ རེད་འདུག
ཁོང་གི་སྐུ་མཆེད་ཨུ་མ-ཌོའུ་ཕི་ལི་ཡ་(Uma Dhupelia-Mesthrie) ཡིས་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་གནས་ཚུལ་དེ་དངོས་བདེན་ཡིན་ཚུལ་བརྗོད་པ་མ་ཟད། ཁོང་གི་སྐུ་མཆེད་ལ་གློ་ནད་བྱུང་ནས་སྨན་ཁང་དུ་སྨན་བཅོས་བྱེད་སྐབས། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་ནས་ཟླ་བ་གཅིག་ཙམ་ལ་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་སྐོར་བསྣན་འདུག
ཁོང་ནི་སེམས་དཔའ་ཆེན་པོ་གྷན་དྷི་ལྷོ་ཨ་ཧྥི་རི་ཀར་ལོ་ངོ་༢༠ ཙམ་བཞུགས་རྗེས་ཚུར་རྒྱ་གར་དུ་ཕེབས་སྐབས་དེར་བཞག་པའི་བུ་འབྲིང་བ་མཱ་ན་ལ-གྷན་དྷེ་(Manilal Gandhi) ཡི་བརྒྱུད་པ་ཡིན་འདུག་པ་དང་། ཁོང་གིས་སྐུ་ཚེ་ཕལ་ཆེ་བ་པར་ལེན་དང་བརྙན་ཐུང་བཟོ་སྐྲུན་ཐོག་ཏུ་བཏང་ནས་ཧྥོ་ཨ་ཧྥི་རི་ཀར་ཡོད་པའི་གྷན་དྷིའི་ཐེབས་རྩ་(Gandhi Development Trust) རྒྱ་སྐྱེད་དང་གོང་འཕེལ་ཐོག་ལ་རོགས་རམ་གནང་ཡོད་འདུག
ཁོང་འདས་གྲོངས་སུ་ཕྱིན་པ་དེར་ཁོང་གི་ནང་མི་དང་གྲོགས་པོ་མང་པོས་སེམས་སྡུག་དང་མྱ་ངན་བྱས་འདུག་སྟེ། ལྷོ་ཨ་ཧྥི་རི་ཀའི་ཆབ་སྲིད་དཔྱད་བརྗོད་པ་ལོའུ་བྷི-ནཱ་དྷི་ཝི་(Lubna Nadvi) ཡིས་“ང་རང་ཧ་ལས་ནས་ཧོན་ཐོར་སོང་། ཁོང་ནི་རླབས་ཆེ་བའི་འགྲོ་བ་མིའི་རིགས་ལ་སེམས་ཁུར་བྱེད་མཁན་ཞིག་དང་ལས་འགུལ་བ་ཞིག་ཡིན་”ཞེས་བརྗོད་དེ་ཁོང་ལ་བསྔགས་བརྗོད་བྱས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།