སེར་ཆེན་མེ་ཏོག་ཅེས་པའི་འཁོར་ཐག་དབུ་འབྱེད།

ཟླ་༧ པའི་ཚེས་༥ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་གཞུང་ཟློས་གར་གྱི་བྲོ་པ་རྒན་གྲས་དང་གཞས་པ་ནོར་བུ་བསམ་འཕེལ་གྱིས། གཞས་སྣ་༨ ཡོད་པའི་སེར་ཆོག་མེ་ཏོག་ཅེས་པའི་བརྙན་ལྡན་གྱི་འཁོར་ཐག་དབུ་འབྱེད་བྱས་ཡོད་པ་རེད།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཟློས་གར་གྱི་འགན་འཛིན་ཟུར་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལས་ཁང་དང་འོས་བསྡུ་ལས་ཁང་གི་འགན་འཛིན་གཅིག་ལྕོག་ཤོ་ཟུར་བསོད་ནམས་ཆོས་འཕེལ་གཙོས། གཞས་པ་ནོར་བུ་བསམ་འཕེལ་དང་དོ་སྣང་ཅན་གྱི་མི་མང་བཅས་ཀྱིས་མཉམ་ཞུགས་བྱས་ཡོད་པ་རེད།
སྐུ་མགྲོན་གཙོ་བོས་སྤྱི་ཚོགས་དེ་འཕོ་འགྱུར་འགྲོ་བཞིན་པ་དང་བསྟུན། རིག་གཞུང་ཕྱུག་པོ་དེ་ཉར་ཚགས་བྱ་རྒྱུ་གལ་ཆེ་ཡང་། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གསར་གཏོད་ཀྱི་ཐོག་ནས་རྒྱལ་ཞེན་དང་རིག་གཞུང་ལ་ལེགས་སྐྱེས་ཕུལ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་ཡིན་སྐོར་བརྗོད་ནས། གཞས་པ་ནོར་བུ་བསམ་འཕེལ་ལ་བསྔགས་བརྗོད་ཞུས་སོང་།

གཞས་པ་ནོར་བུ་བསམ་འཕེལ་གྱིས་འཁོར་ཐག་དེ་ཆེད་བསྒྲིགས་བྱེད་དགོས་པའི་རྒྱུ་མཚན་གཉིས་ཡོད་པ་ལས། གཅིག་ནས་ད་བར་བོད་ལ་ཡོད་པའི་ཕ་མ་གཉིས་ལ་ཞབས་ཕྱི་ཞུ་ཐུབ་མ་སོང་བས། ཐེངས་འདིར་འཁོར་ཐག་དེ་རང་ཉིད་ཀྱིས་གང་སྦྱངས་པ་དེ་ཕ་མར་བསྟན་ནས་ཕ་མ་དགའ་པོ་ཡོང་ཆེད་དང་། གཉིས་ནས་ཁོང་གིས་རྒྱུན་དུ་ཟློས་གར་གྱི་དབྱར་སྐྱིད་ནང་གཞས་གཏོང་གི་ཡོད་ཀྱང་། སྒེར་གྱིས་ཆེད་བསྒྲིགས་བྱས་པའི་འཁོར་ཐག་མེད་པས། སྤྱི་ཚོགས་ནང་བོད་ཀྱི་གཞས་པར་ངོས་འཛིན་ཡོང་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།གསར་འགོད་པས་ཟློས་གར་གྱི་བྲོ་པ་ཚོས་སྒེར་གྱི་འཁོར་ཐག་བསྐྲུན་མི་ཆོག་པའི་སྒྲིག་ཁྲིམས་ཤིག་ཡོད་སྐོར་གོ་ཐོས་བྱུང་བས། ཁྱེད་རང་གིས་སྒེར་གྱི་འཁོར་ཐག་གང་འདྲ་བསྐྲུན་པ་ཡིན་སྐོར་དྲིས་པས། ཁོང་གིས་སྤྱིར་སྒྲིག་འཛུགས་དེ་འདྲ་ཞིག་ཡོད་ཀྱང་། བྲོ་པ་རྒན་པ་ཁག་ཅིག་ལ་འཛིན་སྐྱོང་ནས་ཆོག་མཆན་ཐོབ་ཡོད་པས། ཁོང་ལ་ཡང་ཆོག་མཆན་ཐོབ་པ་རེད། ཡིན་ཡང་ཆད་པ་ཧིན་སྒོར་༦༠༠༠ སྤྲོད་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་། འཁོར་ཐག་དེའི་ནང་གི་བརྙན་པར་རྣམས་དྷ་ས་ཁུལ་དུ་བླངས་པ་དང་། རོལ་ཆ་དང་གཞས་སྒྲ་འཇུག་དེ་བལ་ཡུལ་དུ་བྱས་ཡོད་འདུག
གཞས་པ་ནོར་བུ་བསམ་འཕེལ་ནི་ཕྱི་༡༩༨༢ ལོར་བོད་སྟོད་མངའ་རིས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༩༡ ལོར་རྒྱ་གར་དུ་འབྱོར་ནས་མ་སུ་བོད་ཁྱིམ་དུ་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༤ ལོར་བོད་གཞུང་ཟློས་གར་ཚོགས་པར་འཛུལ་ཏེ། ད་ལྟའི་ཆར་བྲོ་པ་རྒན་གྲས་ཤིག་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།