སེར་བྷི་ཡའི་སྲིད་བློན་ལ་སྲིད་འཛིན་འོས་ཐོབ་པར་མི་མང་གི་ངོ་རྒོལ།
ཟླ་འདིའི་ཚེས་༢ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སེར་བྷི་ཡ་ནང་དུ་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། གྲུབ་འབྲས་སུ་རྒྱལ་ཁབ་ཀྱི་ད་ལྟའི་སྲིད་བློན་སྐུ་ཞབས་ཨེ་ལེག་སེན་ཌེར་ཝུ་སིག་ལ་རྒྱལ་ཁབ་ཐོབ་ཡོད་པས། གཞོན་སྐྱེས་མང་མོས་ཡིན་པའི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག་པ་དང་། ངོ་རྒོལ་དེ་ད་ལྟའི་ཆར་ཉིན་གསུམ་བསྟུད་མར་བྱས་ཡོད་པ་རེད་འདུག
དེ་ཡང་སྲིད་བློན་ཝུ་སིག་གི་སེར་བྷེ་ཡ་ཡར་ཐོན་ཚོགས་པ་ནི་གཞུང་འཛིན་ཚོགས་པ་ཡིན་པ་དང་། དེ་བཞིན་འདི་ལོའི་སྲིད་འཛིན་འོས་བསྡུར་ཡང་ཚོགས་པ་དེའི་སྲིད་འཛིན་འོས་མི་ད་ཡོད་སྲིད་བློན་ཝུ་སིག་ལ་ཐོབ་ཡོད་པས། ངོ་རྒོལ་བ་ཚོས་སྲིད་བློན་ཝུག་སི་ནི་མི་གཅིག་དབང་བསྒྱུར་པ་ཡིན་པ་དང་། སེར་བྷེ་ཡ་ཡར་ཐོན་ཚོགས་པ་ནི་རུལ་སུངས་ཚོགས་པ་ཡིན་པ་མ་ཟད། ཐེངས་འདིའི་འོས་བསྡུ་དྲང་པོ་མ་བྱུང་བ་དེ་ཚོགས་པ་དེའི་བྱེད་ལས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
སློབ་ཕྲུག་རུ་ཁག་ཅིག་གིས་དྲ་ཐོག་ཏུ། འོས་བསྡུ་ལྷན་ཚོགས་དང་གཞུང་འབྲེལ་བརྒྱུད་ལམ་གྱི་རྩོམ་སྒྲིག་པ་དང་། བརྒྱུད་ལམ་སྟངས་འཛིན་བྱེད་མཁན་སོགས་ཀྱིས་འོས་བསྡུ་དྲང་པོ་དང་རང་དབང་ལྡན་པ་ཞིག་ཡོང་བའི་མཐུན་རྐྱེན་སྦྱར་ཐུབ་མེད་པས། དེ་དག་ཚང་མ་གནས་དབྱུང་གཏོང་བའི་དགོས་འདུན་བཏོན་ཡོད་འདུག གལ་ཏེ་དགོས་འདུན་མ་གྲུབ་ཚེ་ཁོ་ཚོས་གྲོས་ཚོགས་འོས་བསྡུ་སྔ་བཤོལ་ཡོང་བའི་དགོས་འདུན་བཏོན་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་ད་ལྟའི་ཆར་སེར་བྷི་ཡའི་གཞུང་འཛིན་ཚོགས་པ་དེ་སེར་བྷི་ཡ་ཡར་ཐོན་ཚོགས་པ་ཡིན་ཁར། སྲིད་བློན་ཡང་ཚོགས་པ་དེར་བསྐོ་གཞག་གི་དབང་ཆ་ཡོད་པ་མ་ཟད། སྲིད་འཛིན་ཡང་ཚོགས་པ་དེའི་འགོ་ཁྲིད་ད་ཡོད་ཀྱི་སྲིད་བློན་སྐུ་ཞབས་ཝུག་སི་ཡིས། ཟླ་༥ པའི་ནང་ལས་གནས་ཁུར་ལེན་རྒྱུ་ཡིན་འདུག་པས། རྒྱལ་ཁབ་དེའི་ཁྲིམས་བཟོ་དང་ཁྲིམས་ལག་བསྟར་གྱི་དབང་ཚད་གཉིས་ཚོགས་པ་དེའི་ལག་ཏུ་ཡོད་པས། མི་མང་པོས་དེ་ནི་མི་གཅིག་དབང་སྒྱུར་ཆགས་ཀྱི་ཡོད་པས་ངོ་རྒོལ་བྱེད་ཀྱི་ཡོད་འདུག གལ་ཏེ་གྲོས་ཚོགས་ཀྱི་འོས་བསྡུ་སྔ་སྣུར་བྱས་ཚེ། ཚོགས་པ་དེར་གྲོས་ཚོགས་ནང་མང་མོས་མ་ཐོབ་པའམ། ཚོགས་པ་གཞན་དང་ཟླ་སྒྲིལ་གྱིསགཞུང་འཛིན་ཚོགས་པ་འཛུགས་ཐོབ་མིན་ཚོད་དཔག་ཐོབ་དཀའ་བ་ཡིན་འདུག
ཟླ་འདིའི་ཚེས་༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ངོ་རྒོལ་གྱི་ཉིན་གསུམ་པར་མི་མང་སྟོང་ཕྲག་མང་པོས་རྒྱལ་ས་བྷེལ་གྷེར་ཌེ་དང་གྲོང་ཁྱེར་གཞན་ཁག་ནང་དུ། སྲིད་བློན་ཝུག་སི་ཡིས་འོས་བསྡུ་རྐུ་མ་བརྒྱབ་སོང་། སྲིད་དབང་སྒེར་འཛིན་ལམ་ལུགས་མཚམས་ཞོག་ཅེས་ཀྱི་འབོད་སྒྲ་སྒྲོག་བཞིན་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག ངོ་རྒོལ་བ་ཞིག་གིས་རྒྱལ་ཁབ་དེའི་ནང་མང་གཙོ་མེད་པ་ཆགས་ཡོད་པ་སེམས་ཀྱི་ཡོད་པ་དང་། དེ་འགྱུར་བ་གཏོང་དགོས་པ་མཐོང་ནས། རང་ཉིད་ཀྱི་འདོད་བློ་མ་ཁེངས་པ་ཕྱིར་སྟོན་བྱེད་ཆེད་ངོ་རྒོལ་བྱེད་པར་སླེབས་སྐོར་བརྗོད་ཡོད་འདུག
རྒྱལ་ཁབ་དེའི་ནང་སྲིད་བློན་ཆེན་གྱིས་ངོ་རྒོལ་ལས་འགུལ་དེ་ནི་ཕམ་ཉེས་བྱུང་བའི་ཕྱོགས་འགལ་ཚོགས་པས་བརྒྱུད་སྐུལ་བྱས་པ་ཡིན་པས།་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། སྲིད་བློན་ཝུག་སི་ཡིས། མི་ཚང་མར་འོས་བསྡུ་གྲུབ་འབྲས་ལ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་སྟོན་པའི་རང་དབང་ཡོད་པ་དང་། ངོ་རྒོལ་ལས་འགུལ་དེ་ཞི་བའི་རྣམ་པ་ཞིག་ཐོག་བསྡད་ཚེ་འགྲིག་གི་ཡོད་སྐོར་བརྗོད་ཡོད་འདུག
ཕྱོགས་འགལ་ཚོགས་པ་ཚོས་འོས་བསྡུ་དེར་བརྒྱུད་ལམ་ཁག་གི་ཁ་བཀག་པ་དང་། འོས་བསྡུ་བ་ཚོར་ཞེད་སྣང་སྐུལ་བ་དང་ལྐོག་རྔན་སྤྲད་པ་སོགས་ཚུལ་མིན་གྱིས་ཁེངས་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།