སེལ་དགོས་ལ་སེལ་ཐུབ་པའི་དཀའ་ངལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༠  ཕྱི་ལོ་ ༢༠༡༦/༨ /༣༡

བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་ཧ་ཅང་ཆེན་པོ་ཡོད་པ་དང། ཕུགས་ཀྱི་དམིགས་ཡུལ་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སེལ་བར་ཧ་ཅང་དཀའ་ངལ་ཆེན་པོར་གྱུར་ཡོད། དཔེར་ན་བོད་དོན་བདེན་མཐའ་གསལ་དང་མི་གསལ་གྱི་གནས་སྟངས་ཐོག་ནས་རྒྱ་དམར་དྲག་པོའི་གཞུང་གི་བྱེད་སྟངས་ཁོ་ན་ལ་རག་ལས་པས། འདས་པའི་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་གྲུབ་འབྲས་དམིགས་བསལ་ཆེན་པོ་ཞིག་ཐོན་ཐུབ་མེད་ལ། མ་འོངས་པར་ཡང་དུས་ཐུང་ནང་དམིགས་བསལ་གྱི་གྲུབ་འབྲས་ཤིག་ཐོན་རེ་གང་ཡང་མ་མཆིས། དེར་བརྟེན་གནད་དོན་འདི་ལྟ་བུ་ལ་ཆེ་ས་ནས་བང་རིམ་བསྒྲིགས་ཏེ་འཆར་འགོད་བྱེད་དགོས་པ་དང། དུས་ཐུང་ནང་ཐག་གཅོད་ཐུབ་པ་ཞིག་མིན་སྟབས་ཕུགས་རྒྱང་རིང་པོར་དམིགས་ནས་བསམ་བློ་གཏོང་དགོས། དེ་མ་ཡིན་པར་ཁ་ཚ་དགོས་གཏུག་གི་ཐོག་ནས་སེལ་དགོས་པ་དང་སེལ་ཐུབ་པའི་དཀའ་ངལ་མང་པོ་ཡོད་པ་ཁག་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་གང་མགྱོགས་དཀའ་སེལ་ཐབས་ལམ་ལ་འབད་དགོས་པ་ཞིག་ཏུ་གྱུར་ཡོད།

དཔེར་ན་ད་ལྟའི་ཆར་རྒྱ་གར་ནང་གི་བོད་མི་འཇོན་པོ་དང་ཕྱུག་པོ་མང་པོ་ཞིག་གིས་བུ་ཕྲུག་རྒྱ་གར་གྱི་སློབ་གྲྭར་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་དང། བོད་པའི་བུ་ཕྲུག་བོད་པ་རང་གི་སློབ་གྲྭ་རུ་འཇུག་དགོས་པའི་བསམ་ཚུལ་ཤོད་མཁན་ནི་ཕལ་ཆེར་བོད་མི་ཚང་མ་རེད་ཅེས་བརྗོད་ཀྱང་ཆོག་པ་ལྟ་བུ་འདུག འོན་ཀྱང་དོན་དངོས་ཐོག་རང་ཉིད་ཀྱི་བུ་ཕྲུག་གི་མདུན་ལམ་ཐོག་འཆར་གཞི་ག་འདྲ་ཞིག་སྒྲིག་བཞིན་ཡོད་མེད་ནི། གོང་དུ་བརྗོད་པ་བཞིན་མིག་མཐོང་ལག་ཟིན་ལྟ་བུར་གྱུར་ཡོད། བོད་ཀྱི་མ་འོངས་པར་རེ་བ་ཡོད་མེད་ནི་བུ་ཕྲུག་ཕྱི་རབས་པ་རྣམས་ལ་རག་ལས་པ་དང། དེ་དག་གི་བསམ་བློ་དང་ཤེས་ཡོན་གྱི་གནས་སྟངས་ཚད་ག་འདྲ་ཞིག་ཏུ་སྐྱེལ་ཐུབ་མིན་ནི་ད་ལྟའི་མི་རབས་འདིའི་ལག་ཏུ་ཡོད། དེར་བརྟེན་གནས་སྐབས་འཚོ་ཐབས་ཀྱི་དཀའ་ངལ་ཙམ་དམིགས་ཡུལ་དུ་མི་འཛིན་པར་མ་འོངས་པའི་བུ་རབས་ཚ་བརྒྱུད་དང། ལྷག་པར་དུ་བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་བཏང་ན་གནས་སྐབས་འཚོ་གོས་ཀྱི་གནད་དོན་ནི་རང་བཞིན་གྱིས་ཐག་ཆོད་འགྲོ་བ་ཞིག་རེད།

གོང་དུ་བརྗོད་པ་བཞིན་བོད་ཕྲུག་རྣམས་བོད་པའི་སློབ་གྲྭ་རུ་གཏོང་རྒྱུ་དེ་དམིགས་འདུན་གཙོ་བོར་བཟུང་ནའང། ད་ལྟའི་ཆར་དེ་ཙམ་ཕན་ཐོགས་མེད་པར་འགྱུར་བཞིན་ཡོད། དཔེར་ན་བོད་པའི་སློབ་གྲྭ་མང་པོ་ཞིག་གི་ནང་དུ་རྒྱ་གར་གྱི་སློབ་ཕྲུག་ཧ་ཅང་མང་བས་མིང་བོད་པའི་སློབ་གྲྭ་ཡིན་པ་ཙམ་ལས་དོན་དུ་རྒྱ་གར་གྱི་སློབ་གྲྭ་རང་དུ་འགྱུར་བཞིན་ཡོད་པ། དཔེར་ན་སིམ་ལ་གཏན་སློབ་ཏུ་ཁྱོན་སློབ་ཕྲུག་༣༩༡ ཡོད་པའི་ནང། བོད་པ་༧༢ ལས་མེད་སྟབས་སྤྱི་ཡོངས་སློབ་ཕྲུག་ལས་བོད་པས་བརྒྱ་ཆ་༡༨།༤༡ ལས་ཟིན་མེད་སྟབས། བོད་པའི་སློབ་ཕྲུག་རྣམས་ལ་བོད་པ་རང་གི་རིག་གནས་ཀྱི་ཤུགས་རྐྱེན་ཞིག་ཐེབས་ཐུབ་མིན་ཐད་ཧ་ཅང་གི་དོགས་གནས་སུ་གྱུར་ཡོད། སིམ་ལ་གཏན་སློབ་དེ་དཔེ་མཚོན་ཙམ་དུ་དྲངས་པ་ལས་བོད་པའི་སློབ་གྲྭ་མང་པོ་ཞིག་འདི་ལྟ་བུའི་གནས་སྟངས་འོག་ཡོད་སྟབས་མ་འོངས་པར་བོད་པའི་སློབ་གྲྭ་ཟེར་བ་ཙམ་ལས་དོན་དུ་རྒྱ་གར་གྱི་སློབ་གྲྭ་དང་གཅིག་པ་ལྟ་བུ་ལས་ཁྱད་པར་ཆེན་པོ་མེད་ངེས་སུ་གྱུར་འདུག

མ་འོངས་པར་བོད་པའི་སློབ་གྲྭ་མང་པོ་ཞིག་ཟླ་སྒྲིལ་བཏང་ནས། བོད་པ་རང་ལས་མེད་པའི་སློབ་གྲྭ་སྤུས་ཚད་ལྡན་པ། དགེ་རྒན་དང་ལས་བྱེད་པའི་མཐུན་རྐྱེན་ཡག་པོ་ཡོད་པ་ཞིག་ཏུ་སྒྱུར་མ་ཐུབ་ན། བོད་པའི་མི་རབས་གསར་པ་སྐྱེད་སྲིང་གི་ཐོག་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་སུ་གྱུར་འདུག དེར་བརྟེན་སློབ་ཕྲུག་གི་གནས་སྟངས་ལ་གཞིགས་ནས་སློབ་གྲྭ་ཟླ་སྒྲིལ་གཏོང་རྒྱུ་འདི་ཉིད་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་ལ། དཀའ་ངལ་དེ་སེལ་བར་ད་ལྟ་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་མ་ཐུབ་ན་མ་འོངས་པར་བོད་པའི་བུ་ཕྲུག་ཉུང་དུ་འགྲོ་རྒྱུ་ཡིན་པ་སྨྲོས་མེད་དང། བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་པ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད་པ་མ་ཟད། མ་འོངས་པར་བོད་པ་ཡིན་པ་ཙམ་ལས་བོད་ཀྱི་སྐད་ཡིག་རིག་གནས་གཏན་ནས་མི་ཤེས་པའི་མི་རབས་ཤིག་ཏུ་འགྱུར་ཉེན་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེར་བརྟེན་དཀའ་ངལ་འདི་དག་བོད་མིའི་སྒྲིག་འཛུགས་རང་ངོས་ནས་སེལ་དགོས་ལ་ངེས་པར་དུ་སེལ་ཐུབ་པའི་གནད་དོན་ཞིག་ཏུའང་གྱུར་ཡོད།

མི་མང་གི་སྡོད་ཁང་དཀའ་ངལ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་འདི་དག་སེལ་བར་འབད་བརྩོན་བྱེད་དགོས་པ་དང། དེ་ལྟ་བུ་ཞིག་བྱེད་ཐུབ་པའི་ཁོར་ཡུག་དང་གོ་སྐབས་གཉིས་ཀ་ཡོད་སྟབས་དེའི་ཐོག་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་ཧ་ཅང་གལ་ཆེ། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་གཞན་བརྟེན་གྱི་བསམ་བློ་དང། ཚང་མ་གཞན་ལ་ལག་པ་བཟེད་རྒྱུའི་གོམས་གཤིས་འདི་ཉིད་ཀྱང་སྤང་བྱ་དངོས་གནས་དེ་ཡིན་ནའང། ད་ལྟའི་ཆར་བསམ་བློ་དེ་ལྟར་གཏོང་མཁན་ཞིག་ཧ་ཅང་དཀོན་ཚོད་དུ་གྱུར་ཡོད། དེ་ལྟ་བུའི་གོམས་གཤིས་དེ་ཡང་མི་མང་པོ་ཞིག་སྐྱེས་མ་ཐག་ནས་སྐྱབས་བཅོལ་བའི་ཁོར་ཡུག་ཅིག་ཏུ་འཚར་ལོང་བྱུང་བ་དང། ༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་ཐབས་ཤེས་གང་ཡོད་ཀྱིས་མི་མང་ལ་གཟིགས་རྟོགས་དང་གསོ་སྐྱོང་གནང་ཡོད་པས། མི་མང་གི་ངོས་ནས་ཀྱང་སྐྱིད་སྡུག་བཤད་སའི་དཔོན་པོ་དང། འཁྱག་ལྟོགས་བཤད་སའི་ཕ་མ་ཞེས་པ་ལྟར་བྱེད་སྟངས་འདི་རྒྱུན་ལྡན་འཚོ་བའི་གོམས་གཤིས་སུ་འཇགས་སོང་བ་འདྲ།།