སོ་ཌི་ཨ་རབ་ནང་རྒྱལ་སྲས་ཤིག་སྲོག་ཐོག་བཏང་བ།
སོ་ཌི་ཨ་རབ་ནང་དུ་ལོ་གསུམ་སྔོན་དུ་རྒྱལ་སྲས་ཤིག་དང་སོ་ཌི་མི་སེར་གཞན་ཞིག་འཁྲུག་པ་རྒྱག་སྐབས། རྒྱལ་སྲས་དེས་མེ་མདའ་བརྒྱབ་ནས་མི་དེ་བསད་ཡོད་འདུག་པས། ཟླ་འདིའི་ཚེས་༡༩ ཉིན་སོ་ཌི་ནང་སྲིད་བློན་ཆེན་ཁང་གིས། རྒྱལ་སྲས་ཊུར་ཀི་སྲོག་ཐོག་བཏང་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག
རྒྱལ་སྲས་དེས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་གྱིས་ཉེས་པ་ཆག་ཡངས་ཡོང་བར་འབོད་སྐུལ་བྱས་འདུག་ཀྱང་། ཤི་པོའི་ནང་མིས་མི་སྟོང་ལེན་རྒྱུར་མོས་མཐུན་བྱས་མེད་པ་རེད། གལ་ཏེ་སྲོག་ཐོག་གཏོང་དགོས་པའི་དགོས་འདུན་མ་བཏོན་ན། མི་སྟོང་ལེན་རྒྱུ་ཡོད་འདུག་པ་དང་། སོ་ཌི་ཨ་རབ་ནང་རྒྱལ་པོའི་ནང་མི་སྲོག་ཐོག་བཏང་བ་དཀོན་པོ་ཡིན་འདུག་ཀྱང་། ཐེངས་འདིར་ནང་སྲིད་བློན་ཆེན་ཁང་གིས་བདེ་འཇགས་སྲུང་སྐྱོབ་དང་དྲང་བདེན་མཐར་སྐྱེལ་རྒྱུའི་འདུན་པ་ཡོད་སྐོར་གྱི་བསྒྲགས་གཏམ་སྤེལ་འདུག
སྤྱིར་འཛམ་གླིང་ནང་རྒྱ་ནག་ཕུད་པའི་སྲོག་ཐོག་མང་ཤོས་གཏོང་མཁན་གྱི་གྲས་སུ་སོ་ཌི་ཨ་རབ་ཚུད་ཀྱི་ཡོད་པ་དང་། ལོ་འདིར་མི་༡༣༤ སྲོག་ཐོག་བཏང་ཟིན་ཡོད་པ་རེད། སོ་ཌི་ནང་མི་གསོད་མཁན་དང་སྨྱོ་རྫས་ཁྲིམས་འགལ་ཐོག་ནས་དབོར་འདྲེན་བྱེད་པ། བཙན་གཡེམ་གཏོང་བ་སོགས་ལ་སྲོག་ཐོག་གཏོང་གི་ཡོད་པ་དང་། དེ་བཞིན་འདི་ལོའི་ཟླ་༡ པོའི་ནང་ཉིན་གཅིག་ནང་འཇིགས་སྐུལ་རིང་ལུགས་པ་༥༠ སྲོག་ཐོག་བཏང་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༥ ལོར་ཁྱོན་བསྡོམས་པའི་སྲོག་ཐོག་༡༥༨ བཏང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།