སོག་པོའི་སྲིད་བློན་གོ་གནས་ནས་རྩ་དགོངས་ཞུ་དགོས་བྱུང་འདུག 

སོག་པོའི་རྒྱལ་ཁབ་ཀྱི་སྲིད་བློན་གཙོས་པའི་མཐོ་རིམ་འགོ་ཁྲིད་ཚོས་ཚད་ལས་བརྒལ་བའི་ལྐོག་ཟ་རུངས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཐེངས་མང་བྱས་ཡོད་འདུག་ཅིང་། དེ་སྔོན་ཕྱི་ཟླ་༤ པའི་ནང་སོག་པོའི་སློབ་ཕྲུག་སྟོང་ཕྲག་མང་པོས་སྲིད་བློན་གྱིས་གོ་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ཉིན་གྲངས་མང་པོའི་རིང་བྱས་ཡོད་འདུག་པར་བརྟེན། ད་ཆར་སོག་པོའི་གྲོས་ཚོགས་སུ་སྲིད་བློན་མུ་མཐུད་བསྡད་ན་འོས་མིན་གྱི་གྲོས་ཚོགས་སུ་ཐག་གཅོད་བྱས་རྗེས་ལས་ཐོག་སྲིད་བློན་འོས་ཤོར་ཏེ་གོ་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་འདུག

ཕྱི་ཚེས་༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གསར་འགྱུར་སྤེལ་གསལ་ལྟར་ན། སོག་པོའི་གྲོས་ཚོགས་སུ་སོག་པོའི་སྲིད་བློན་LUVSANNAMSRAIN OYUN-ERDENE་ཟེར་བ་ཁོང་སྲིད་བློན་གྱི་གོ་གནས་ཐོག་མུ་མཐུད་བསྡད་ན། འོས་མིན་ཐད་གྲོས་ཚོགས་སུ་འོས་འཕེན་དུས་སྲིད་བློན་འོས་ཤོར་ནས་གོ་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་འདུག་པ་དང་། གྲོས་ཚོགས་འཐུས་མི་༨༢ ཀྱིས་འོས་འཕངས་ཡོད་འདུག་ཅིང་། གྲོས་ཚོགས་འཐུས་མི་༤༤ རྒྱབ་སྐྱོར་དང་༣༨ རྒྱབ་སྐྱོར་བྱས་མེད་པར་བརྟེན། སྲིད་བློན་ཕམ་ཉེས་བྱུང་ནས་དགོངས་པ་ཞུ་དགོས་བྱུང་འདུག 

ད་ལྟའི་ལས་ཐོག་སྲིད་བློན་དེ་ནི་ཕྱི་ལོ་༢༠༢༡ ལོར་སྲིད་བློན་ཆགས་ཡོད་འདུག་ཅིང་། ཁོང་དང་གཞན་གཞུང་གི་མཐོ་རིམ་མི་སྣ་ཚོས་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཁྲོད་ནས་ལྐོག་ཟ་རུལ་སུངས་རྒྱ་ཆེར་བྱེད་བཞིན་ཡོད་པ་མི་མང་གིས་ཤེས་རྟོགས་བྱུང་ནས་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱེད་བཞིན་ཡོད་འདུག དམིགས་བསལ་སོག་པོའི་ནང་རྡོ་སོལ་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱེད་བཞིན་ཡོད་འདུག་པ་དང་། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་སོག་པོའི་གཞུང་དེ་རྒྱལ་སྤྱིའི་ནང་། ལྐོག་ཟ་རུལ་སུངས་ཉུང་བ་ཡོད་པའི་རྒྱལ་ཁབ་ཁག་གི་མིང་ཐོའི་ནང་ཡོད་འདུག་ཀྱང་། ད་ཆར་སོག་པོའི་ནང་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པས་མིང་ཐོ་དེ་ནས་སོག་པོའི་གཞུང་མར་ཟག་ཡོད་འདུག་ལ།  མཐོ་རིམ་མི་དྲག་ཁྲོད་ལྐོལ་ཟ་རུལ་སུངས་ཀྱིས་རྐྱེན་པས་མི་མང་གིས་ཡང་ཡང་ངོ་རྒོལ་བྱེད་དགོས་འབྱུང་བཞིན་ཡོད་འདུག 

རྒྱལ་སྤྱིའི་(Transparency International)ཟེར་བ་དེས་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱལ་ཁབ་༡༨༠ ཁྲོད་ནས་སོག་པོ་༡༡༤ དེ་ཆགས་ནས་ལྐོག་ཟ་རུལ་སུངས་མང་བའི་རྒྱལ་ཁབ་གཅིག་ཡིན་པ་སྙན་ཐོ་བཏོན་ཡོད་འདུག ལོ་སྔོན་མར་ཨ་རིའི་གཞུང་གིས་བཏོན་པའི་སྙན་ཐོ་ཞིག་ལ་སོག་པོའི་སྲིད་བློན་ཟུར་པ་(Sukhbaatar Batbold)ཟེར་བ་དེས་གཏེར་ཁ་སྔོག་འདོན་བྱས་པའི་དངུལ་ལས་ལྐོག་ཟ་རུལ་སུངས་བྱས་པ་ཡིས། ཨ་རིའི་ནིའུ་ཡོག་ཏུ་ཁང་ཆེན་(Apartment)གཉིས་ཉོས་ཡོད་པར་བརྗོད་འདུག སྲིད་བློན་དེས་ཕྱི་ལོ་༢༠༡༢ ནས་༢༠༡༥ བར་དུ་སྲིད་བློན་གནང་ཡོད་འདུག ད་ཆར་སོག་པོའི་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་ཚོང་བཙུགས་ནས་སོག་པོའི་ནང་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱེད་ཀྱི་ཡོད་འདུག་པ་དང་།

སོག་པོའི་རྒྱལ་ཁབ་དེ་དུས་ཡུན་རིང་པོར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་གཞུང་གི་དབང་འོག་ཏུ་ལོ་དུ་མར་བསྡད་ཡོད་ཀྱང་། ཕྱི་ལོ་༡༩༩༠ ལོར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་ཕྱིན་རྗེས་རང་བཙན་རག་སྟེ། དུས་དེ་ནས་བཟུང་དམངས་གཙོའི་གཞུང་གསར་དུ་བཙུགས་ནས་ད་ཆར་དམངས་གཙོ་ལག་ལེན་བསྟར་བཞིན་ཡོད་འདུག མ་འོངས་པའི་སོག་པོའི་སྲིད་བློན་གཞན་ཞིག་མ་ཡོང་བར་ཉིན་གྲངས་༣༠ རིང་བར་གནས་གཞུང་གི་ངོ་བོའི་ཐོག་ནས་གནས་རྒྱུ་ཡིན་འདུག ཁོང་རང་ཉིད་གྲོས་ཚོགས་སུ་འོས་ཤོར་རྗེས། ཁོང་གིས་ངས་སོག་པོའི་རྒྱལ་ཁབ་འདི་ནད་ཡམས་དང་། དམག་འཁྲུག སྒོ་ཁྲལ་སོགས་དཀའ་ངལ་ཆེ་བའི་དུས་སུ་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ཞེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།