སྐད་ཡིག་གི་ཕུང་པོ་ཞེས་པ་དེ་ང་ཚོའི་སྤྱི་ཚོགས་ནང་གསར་པ་ཞིག་ཆགས་ཡོད་རེད།

ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གི་ཕུང་པོའི་ལས་གཞིའི་འགན་འཛིན་འབོ་ར་ཤེས་རབ་ལ་སྐད་ཡིག་གི་ཕུང་པོའི་ལས་གཞིའི་སྐོར་དང་འབྲེལ་བའི་བཅར་འདྲི།

དྲི་བ། ཐོག་མར་ད་ལྟ་ཁྱེད་རང་ཚོའི་སྐད་ཡིག་གི་ཕུང་པོ་ཟེར་བའི་ལས་གཞི་དེ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

14894592_2630838427014_1867073711_oལན། སྐད་ཡིག་གི་ཕུང་པོ་ཞེས་པ་དེ་ང་ཚོའི་སྤྱི་ཚོགས་ནང་ལ་དོན་དག་དང་ཐ་སྙད་གཉིས་ཀའི་ཐད་ནས་གསར་པ་ཞིག་ཆགས་ཡོད་རེད། ༢༠༡༣ ལོར་ང་ཚོས་དབྱིན་ཇིའི་ཐ་སྙད་(language corpus) ཞེས་པ་འདི་ལ་བོད་སྐད་དུ་སྐད་ཡིག་གི་ཕུང་པོ་ཞེས་པའི་མིང་འདི་བཏགས་པ་ཡིན། དེའི་དོན་དག་ནི་མི་གཅིག་གི་ཉིན་རེའི་འཚོ་བའི་ཁྲོད་ཞོགས་པ་ནས་དགོང་མོའི་བར་ཡང་དང་བསྐྱར་དུ་བེད་སྤྱོད་བྱས་པའི་ཐ་སྙད་ལས་ཐ་སྙད་མང་ཤོས་ཁག་ལ་རྒྱུག་ཆེ་བའི་ཐ་སྙད་དང་། རེ་ཟུང་ཙམ་ལས་བེད་སྤྱོད་བྱས་མེད་པའི་ཐ་སྙད་ཁག་ལ་རྒྱུག་ཆུང་བའི་ཐ་སྙད་ཅེས་ཟེར་བ་དང་། དཔྱད་གཞིའི་རྒྱུ་ཆ་ལ་དཔོག་པའི་རྒྱུག་ཆེ་ཆུང་གི་ཐ་སྙད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ཕོན་པོའམ་ཕུང་པོ་ལྟ་བུར་བཟོས་པ་ལ་སྐད་ཡིག་གི་ཕུང་པོ་ཟེར་གྱི་ཡོད་རེད།

དེ་ནས་ང་ཚོའི་ལས་གཞི་ལ་རིགས་གསུམ་ཡོད་རེད། དང་པོ་དེ། དགོན་སྡེ་ཁག་གི་ཉིན་རེའི་འཚོ་བ་དང་འབྲེལ་བའི་ཐ་སྙད་བསྡུ་རུབ་བྱ་རྒྱུ་དེ་རེད། གཉིས་པ་དེ། དྲ་ཐོག་ཏུ་འབྲི་བཞིན་པའི་དེང་དུས་ཀྱི་སྐད་ཡིག་གི་ཕུང་པོའི་རྒྱུ་ཆ་འཚོལ་བསྡུ་དང་། གསུམ་པ་དེ། བསྟན་བཅོས་སྐད་ཀྱི་ཕུང་པོའི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་བཅས་རེད། ཡིན་ན་ཡང་། ལས་ཀའི་བརྒྱུད་རིམ་ཁྲོད་ནས་བསྟན་བཅོས་སྐད་ཀྱི་ཕུང་པོ་བཟོ་རྒྱུ་དེ་ལས་དང་པོ་བ་རྣམས་ལ་ཏོག་ཙམ་སྔ་དྲགས་ཡོད་དུས། དེའི་ཚབ་ཏུ་བྱིས་སྒྲུང་གི་རྒྱུ་ཆ་འཚོལ་བསྡུའི་ཁྲོད་ནས་བྱིས་སྒྲུང་རང་གི་སྐད་ཡིག་གི་ཕུང་པོ་ཞིག་བཟོ་རྒྱུ་བྱས་པ་ཡིན། གསལ་བསྒྲགས་སུ་ང་ཚོས་དུས་ཡུན་ཟླ་བ་གསུམ་ཞེས་བྲིས་ཡོད་རེད། ཡིན་ན་ཡང་ལས་གཞི་ལ་འགྱུར་བ་ཡོང་དུས་དུས་ཚོད་ཀྱང་ཕར་འགྱངས་ཏོག་ཙམ་བྱ་དགོས་ཁེལ་ས་རེད།

དྲི་བ། ཁྱེད་རང་ཚོས་ལས་གཞི་འདི་ལག་བསྟར་བྱེད་སྟངས་ཀྱི་རིམ་པ་ག་རེ་ཡིན་མིན་དེའི་སྐོར་གཅིག་གསུང་རོགས།

ལན། འདི་ལོའི་ཕྱི་ཟླ་༨ པའི་ཚེས་༡ ཉིན་ལས་གཞི་དངོས་སུ་འགོ་འཛུགས་ཀྱིས། ཐོག་མར་ང་ཚོས་བོད་ཕྱི་ནང་གཉིས་སུ་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་འབྲི་བཞིན་པའི་སྐད་ཡིག་གི་ཕུང་པོའི་རྒྱུ་ཆ་འཚོལ་བསྡུ་བྱས་པ་ཡིན། དེ་ལ་སྡེབ་གཅིག་ཏུ་ཕབ་ལེན་བྱེད་ཐུབ་པའི་མ་ལག་(import.io) ཟེར་བ་ཞིག་ཡོད་རེད། དེ་བརྒྱུད་ནས་བོད་ནང་གི་མཚོ་སྔོན་པོ་དྲ་བ་དང་། ཁམས་པའི་དྲ་བ། བོད་ལྗོངས་རིག་གནས་དྲ་བ། དེ་བཞིན་བཙན་བྱོལ་གྱི་ཁ་བརྡ་བཅས་ནས་ཡིག་ཆ་མ་འདྲ་བ་༩༩༣ ཚུར་ཕབ་ལེན་བྱས་ཡིན། བོད་ནང་གི་དྲ་ཚིགས་གསུམ་རེ་རེ་ནས་གསར་འགྱུར་དང་། སློབ་གསོ། རྩོམ་རིག དམངས་སྲོལ། ཆོས་ལུགས། ལོ་རྒྱུས། མི་སྣ་སོགས་ཀྱི་སྡེ་ཚན་བཅས་ནས་ཆ་སྙོམས་ཀྱིས་ཡིག་ཆ་༥༠༠ རེ་ཕབ་ལེན་བྱས་པ་ཡིན། ཡིན་ན་ཡང་གསར་འགྱུར་དུ་པར་དང་འགྲེལ་བཤད་ཙམ་ལས་ཡིག་འབྲུ་མང་པོ་མེད་པའི་རིགས་(import.io) ཞེས་པའི་མཉེན་ཆས་དེས་ཕབ་ལེན་བྱེད་ཐུབ་ཀྱི་མི་འདུག མཐར་ང་ཚོར་མཚོ་སྔོན་པོ་དྲ་བ་ནས་ཡིག་ཆ་༣༠༠ ཐམ་པ་དང་། ཁམས་པའི་དྲ་བ་ནས་ཡིག་ཆ་༢༡༥། བོད་ལྗོངས་རིག་གནས་དྲ་བ་ནས་ཡིག་ཆ་༣༧༡ བཅས་ཁྱོན་བསྡོམས་པས་བོད་ནང་གི་དྲ་ཐོག་གི་ཡིག་ཆ་མ་འདྲ་བ་༨༨༥ རག་སོང་། དེ་ནས་བཙན་བྱོལ་གྱི་ཁ་བརྡ་དྲ་ཚིགས་ནས་ཡིག་ཆ་༡༠༧ བླངས་པ་ཡིན། དེ་ནས་དེ་ལ་བཅད་གཏུབ་མཉེན་ཆས་(cutWords) ཞེས་པ་ཞིག་ངག་དབང་འཕྲིན་ལས་ཀྱི་སྤུན་མཆེད་སྒྲུབ་ཆེན་ལགས་ཀྱིས་བཟོས་པ་ཞིག་ཡོད་རེད། དེ་རུ་ཡིག་ཆ་རྣམས་བླུགས་ནས་ཚེག་དབར་གཅིག་དང་གཉིས་ཅན་གྱི་མིང་ཚིག་དང་། རྒྱན་ཚིག བྱ་ཚིག ཕྲད། རྣམ་དབྱེ་སོགས་ལོགས་སུ་བཀར་ཏེ་གཏུབ་ཚར་རྗེས་རྒྱུག་ཆེ་ཆུང་གི་རིམ་པར་བརྟག་པའི་མཉེན་ཆས་ཀྱིས་ངོས་འཛིན་བྱས་པ་རྣམས་རེའུ་མིག་ཏུ་(Excel) རྒྱུག་ཆེ་ཆུང་གི་རིམ་པ་བསྒྲིགས་པ་རེད། ལས་གཞི་དང་པོ་དེ་སྒྲིག་སྦྱོར་ཙམ་མ་གཏོགས་ལེགས་འགྲུབ་བྱུང་སོང་།

གཉིས་པ་དེ་དགོན་སྡེ་ཁག་གི་ཉིན་རེའི་འཚོ་བ་དང་འབྲེལ་བའི་སྐད་ཡིག་གི་ཕུང་པོའི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་དེ་རེད། རྒྱུ་ཆ་འཚོལ་བསྡུ་བྱེད་པར་དྷ་སའི་གཡས་གཡོན་གྱི་དགོན་པ་ཁག་དང་། གྲྭ་བཙུན་སྒེར་པ་མང་པོར་རེ་སྐུལ་ཞུས་པ་བཞིན་མང་ཆེ་བས་དང་ལེན་བྱས་པ་ཙམ་མིན་པར་ཧུར་ཐག་འབད་ཐག་གིས་རྒྱབ་སྐྱོར་གནང་སོང་།  རྒྱུ་ཆ་འཚོལ་བསྡུ་དེ་ནི་གྲྭ་བཙུན་དག་གིས་ཞོགས་པ་ནས་དགོང་དྲོ་བར་དུ་སྒྲ་འཇུག་འཕྲུལ་ཆས་ཤིག་རུམ་དུ་བཅུག  དེ་ནས་སྒྲ་འཇུག་བྱེད་བཞིན་ཡོད་སྙམ་ནས་འཚེར་སྣང་དང་གཟབ་ནན་སོགས་གང་ཡང་མེད་པའི་ཐོག་ནས་རྒྱུན་ལྡན་གྱི་གཏམ་གླེང་སྐོར་དེ་དགོས་ཀྱི་ཡོད་རེད། ཡིན་ན་ཡང་། དགོན་པ་རེ་རེར་སྐབས་བབ་ཀྱི་བྱེད་སྒོ་མང་དག་ཅིག་ཡོད་དུས། ཉིན་གང་སྒྲ་འཇུག་བྱས་པ་ཁ་ཤས་ནང་དུ་གཏམ་གླེང་ཉུང་ཉུང་ལས་མེད་པར་བརྟེན།  དེ་ནས་ང་ཚོར་རྒྱུ་ཆ་མང་པོ་རག་མ་སོང་། དེའི་ཚབ་ལ་དགོན་སྡེ་ཁག་གི་བྱེད་སྒོ་རྣམ་གཞག་རང་དང་འབྲེལ་བའི་བརྗོད་གཞི་མ་འདྲ་བ་༨༢ བཟོས་པ་རེད། བརྗོད་གཞི་རེ་རེའི་ཐོག་ལ་གླེང་མོལ་བྱས་པ་རྣམས་སྒྲ་འཇུག་བྱས། དེ་ནས་སྒྲ་དུམ་བུ་མང་པོར་བཅད། དེའི་རྗེས་ལ་ལས་མི་རེ་རེས་སྒྲ་དུམ་བུ་རེ་རེ་བཞིན་ཡིག་ཐོག་ཏུ་ཕབ། ཡིག་ཐོག་ཏུ་ཕབ་ཚར་རྗེས་ལས་མི་བརྗེ་སྤོར་བརྒྱབ་ནས་སྒྲ་དང་ཡི་གེ་གཉིས་ལ་བར་ཐག་ཤོར་ཡོད་མེད་བསྐྱར་ཞིབ་བྱས། དེ་ནས་བསྐྱར་ཞིབ་བྱས་ཟིན་པ་རྣམས་ཚུར་བསྡུས་ནས་སླར་ཡང་ལས་མི་གསུམ་པ་ཞིག་གིས་ཡིག་ཐོག་ཏུ་ཡོད་པ་རྣམས་ལ་ཞུ་དག་རིམ་པ་གཅིག་བྱས།  དེ་ནས་གོང་དུ་ཞུས་པ་ལྟར་བཅད་གཏུབ་མཉེན་ཆས་སུ་ཚེག་བར་གཅིག་དང་གཉིས་ཅན་གྱི་མིང་ཚིག་དང་། རྒྱན་ཚིག བྱ་ཚིག དེ་བཞིན་ཕྲད་རྣམ་དབྱེ་བཅས་ལོགས་སུ་དགར་དགོས་པ་དང་ཞོར་དུ་ཞུ་དག་ཀྱང་འགྲོ་དགོས་རེད།  བཅད་གཏུབ་ཀྱི་ལས་ཀར་དངོས་སུ་ཞུགས་སྐབས་ཚེག་བར་གཅིག་དང་གཉིས་ཅན་གྱི་མིང་ཚིག་དང་། རྒྱན་ཚིག བྱ་ཚིག དེ་བཞིན་ཕྲད་རྣམ་དབྱེ་ལས་གཞན་པ་དཔེར་ན།  ཁྱད་དུ་འཕགས་པ། འཆད་རྩོད་རྩོམ་གསུམ། དེ་ཁོ་ན་ཉིད། ལྟ་བུའི་རིགས་མང་དག་ཅིག་ཚེག་དབར་བཞིན་བཅད་ན་ཡིག་ཆ་ཧྲིལ་པོ་ནས་རྦད་དེ་བརླག་འགྲོ་བར་བརྟེན། ཐོག་མར་འདིའི་རིགས་མང་དག་ཅིག་ཚུར་བསྡུ་རུབ་ཀྱིས་རེའུ་མིག་ཅིག་བཟོས།  དེ་ནས་ལས་མི་རེ་རེར་པར་འགྲེམས་བྱས་རྗེས་དེ་དག་གཞིར་བཟུང་ལྟར་འགྲོ་དགོས་པའི་འགྲོ་སྟངས་བཟོས་པ་དེ་ཚོ་ནི་ལས་ཀའི་ཞོར་དུ་གདོང་ལེན་བྱ་དགོས་པའི་རིགས་རེད།

གསུམ་པ་དེ་བྱིས་སྒྲུང་གི་སྐད་ཡིག་གི་ཕུང་པོའི་རྒྱུ་ཆ་འཚོལ་བསྡུ་བྱ་རྒྱུ་དེ་རེད། དེ་ལ་ཡིག་ཐོག་ཏུ་ཡོད་པའི་བྱིས་སྒྲུང་དང་བྱིས་པའི་གླེང་མོལ་གང་མང་མང་བསྡུ་རུབ་བཟོ་དགོས་པ་དེ་ཡིན་དུས། རིམ་པ་གཉིས་པ་ལྟ་བུའི་དཀའ་ངལ་མང་པོ་ཡོད་མ་རེད། ང་ཚོ་ལ་སྔོན་མ་ནས་བེད་སྤྱོད་གཏོང་ཆོག་ཆོག་གི་བྱིས་སྒྲུང་༢༠༠ ཙམ་ཞིག་ཡོད། འདི་ལ་རྒྱུ་ཆའི་གྲངས་ཀ་ག་ཚོད་ཅིག་དགོས་མིན་དེ་ད་ལྟ་ནས་ཚོད་དཔག་ཐིག་གི་མི་འདུག སྤྱིར་བཏང་སྐད་ཡིག་གི་ཕུང་པོ་ལ་རྒྱུ་ཆ་ག་ཚོད་མང་ན་དེའི་ཚོད་ཀྱིས་ཡག་པ་ཡོད་རེད། ད་ལྟའི་ང་ཚོའི་སྐད་ཡིག་གི་ཕུང་པོའི་ལས་གཞི་དེ་དུས་ཡུན་ཐུང་ཐུང་དང་ས་བོན་ཙམ་གྱི་ངོས་ན་འགྲོ་ཡི་ཡོད་པར་བརྟེན། རྒྱུ་ཆ་མང་སྟོང་ཕྲག་ལ་བརྒལ་བ་ཁག་པོ་རེད།

དྲི་བ། གོང་དུ་ཁྱེད་ཀྱིས་སྐད་ཡིག་གི་ཕུང་པོ་དེ་བོད་པར་མཚོན་ན་ཚིག་དོན་གཉིས་ཀའི་ཐད་ནས་གསར་པ་རེད་གསུངས་སོང་། འོ་ན། སྐད་ཡིག་གི་ཕུང་པོ་དེ་ཐོག་མར་གང་ནས་དར་འཕེལ་བྱུང་ཡོད་མེད་དང་། ད་བར་སྐད་ཡིག་གི་ཕུང་པོ་ལ་བརྟེན་ནས་ཕན་ཐོགས་ག་རེ་བྱུང་ཡོད་མེད། གཞན་སྐད་ཡིག་གི་ཕུང་པོའི་ཐོག་ནས་ང་ཚོར་ཕན་ཐོགས་པ་ག་རེ་འབྱུང་མིན་དེའི་སྐོར་ནས་གསུང་རོགས།   

ལན། འདི་ཕྱི་ལོ་༡༩༤༠ དང་༥༠ ནང་ཨ་རི་ལ་ད་ལྟའི་ང་ཚོའི་བཙན་བྱོལ་ནང་གི་དཀའ་ངལ་དང་ཆ་འདྲ་བ་ཞིག་འཕྲད་འདུག དེ་ཡང་གཞུང་འབྲེལ་གྱི་ཡིག་ཆ་དང་ཁྱབ་བསྒྲགས། དུས་དེབ་དང་ཚགས་པར་སོགས་དབྱིན་ཇི་རང་གི་སྐད་ཀྱི་ནང་དུ་བྲིས་པ་དག་མང་ཚོགས་ཀྱིས་གོ་ཐུབ་ཀྱི་མེད་པས། ཨ་རིའི་པར་ཁང་ཁག་ནས་དུས་དེབ་དང་ཚགས་ཤོག་གི་གྲངས་ཀ་ཉུང་ཉུང་ཙམ་མ་གཏོགས་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་ཐུབ་ཀྱི་ཡོད་མ་རེད་ཟེར། ཁོ་ཚོས་སྐད་བརྡ་ཚན་རིག་པ་རཱུ་དོལ་ཧྥི་ལེ་ཤི་(Rudolf Flesch)དང་རོ་རྦར་ཋི་སྒོད་ནིང་ (Robert Gunning) སོགས་ཆེད་དུ་མངགས་ནས་སྐད་བརྡ་རིག་པའི་ཞིབ་འཇུག་དང་རྩོམ་རིག་གསལ་ཆའི་སྤྱི་འགྲོས་དང་མཉེན་ཆས་སོགས་ལ་བརྟེན་ནས། སྐབས་དེའི་ཡིག་ཚགས་རིགས་ཨ་རིའི་མི་མང་ཕལ་མོ་ཆེས་གོ་ཐུབ་ཀྱི་མེད་པ་ངོས་འཛིན་བྱས་པ་དང་།  ཕྱི་ལོ་༡༩༤༧ ལོར་ཚགས་ཤོག་དང་དུས་དེབ་མང་པོར་དཔྱད་ཞིབ་བྱས་པས་ཨ་རིའི་ཚགས་ཤོག་དང་དུས་དེབ་རྣམས་ཀྱི་གནས་ཚད་དེ་ཨ་རིའི་མི་མང་སྤྱི་ཡོངས་ཀྱི་ཤེས་ཚད་ལས་འཛིན་རིམ་ལྔ་ཙམ་གྱིས་མཐོ་དྲགས་ཡོད་པ་ར་སྤྲོད་བྱུང་བ་རེད་ཟེར། དེ་ནས་བཟུང་ཨ་རིའི་པར་ཁང་ཁག་གིས་རྩོམ་རིག་གི་གསལ་ཆ་གོང་འཕེལ་དུ་གཏོང་བའི་ཐབས་ལམ་འཚོལ་བའི་ལས་རིམ་མང་པོ་ཞིག་གི་འགོ་བཙུགས་འདུག གོང་ཞུས་ཀྱི་སྐད་བརྡ་ཚན་རིག་པ་དག་གིས་ལོ་འགའི་ནང་ཚུན་དུ་ཡིག་ཚགས་རྣམས་འཛིན་རིམ་བཅུ་དྲུག་པའི་གནས་ཚད་ནས་འཛིན་རིམ་བཅུ་གཅིག་དང་། དེ་ནས་བརྒྱད་པའི་བར་དུ་རིམ་གྱིས་མར་ཕབ་པ་མ་ཟད། དུས་ད་ལྟའང་གནས་ཚད་དེ་གའི་ཐོག་ཏུ་གནས་ཡོད་པ་རེད་ཟེར་གྱི་འདུག

གོང་དུ་བཤད་པའི་རྩོམ་རིག་གི་གསལ་ཆ་ཟེར་བ་དེ་རྩོམ་རིག་གང་དང་གང་ཡིན་ན་ཡང་དོན་དག་ལ་འགྱུར་བ་མ་བཏང་བར་རྗོད་བྱེད་ལ་འགྱུར་བ་བཏང་ནས་ཁ་གསལ་དུ་བཏང་བ་དེའི་སྐོར་རེད། དཔེར་ན། ཚིག་གྲུབ་རིང་དྲགས་ན་ལས་དང་པོ་བ་ཚོས་སྤྱི་ཡོངས་ཀྱིི་གོ་བ་ལེན་པར་དཀའ་ངལ་ཡོད་རེད། དེར་བརྟེན། ཁོང་ཚོས་དོན་དག་འགྱུར་བ་མ་བཏང་བའི་ཐོག་ནས་ཚིག་གྲུབ་རིང་པོའི་རིགས་དུམ་བུ་ཁ་ཤས་སུ་བཏང་བ་དང་། ཡང་ཉིན་རེའི་འཚོ་བ་དང་མ་འབྲེལ་བའི་ཚད་མཐོའི་ཐ་སྙད་རྣམས་ཀྱི་ཚབ་ཏུ་ཐ་སྙད་ཚད་དམའ་པོ་དང་ཉིན་རེའི་འཚོ་བ་དང་འབྲེལ་བའི་ཐ་སྙད་སྦྱར། དེ་བྱས་ཡོང་དུས་རྩོམ་ཡིག་དང་སྤྱིར་བཏང་གི་ཡི་གེ་ག་རེ་ཡིན་ན་ཡང་རང་བཞིན་གྱིས་ལས་སླ་པོ་ཆགས་ཀྱི་ཡོད་རེད།  དེའི་ཆེད་དུ་ཐོག་མར་ཨ་རིའི་ས་གནས་འདྲ་མིན་གྱི་རླངས་འཁོར་འབབ་ཚུགས་དང་མེ་འཁོར་འབབ་ཚུགས་སོགས་སུ་སྒྲ་ལེན་འཕྲུལ་ཆས་བེད་སྤྱོད་བྱས་ནས་ཉིན་མཚན་མང་པོའི་སྒྲ་ཚུར་བསྡུ་རུབ་བྱས་ནས་ཡིག་ཐོག་ཏུ་ཕབ།  དེ་ལ་རྒྱུག་ཆེ་ཆུང་གི་རིམ་པ་བཀར། འོ་དེ་འདྲའི་ལས་རིམ་མང་པོ་ཞིག་བྱས་འདུག  དེང་སང་ཨ་རིའི་ནང་ཀློག་པ་པོ་ས་ཡ་༡༣ ཅན་གྱི་བརྙན་འཕྲིན་ལམ་སྟོན་(TV Guide) ཚགས་ཤོག་དང་། ཀློག་པ་པོ་ས་ཡ་༡༢ ཅན་གྱི་འཆུམས་རྩོམ་གཅེས་བཏུས།(Readers Digest) འདི་གཉིས་ནི་ཨ་རིའི་ནང་ལ་རྒྱུག་ཆེ་ཤོས་ཀྱི་ཚགས་ཤོག་དང་དུས་དེབ་རེད་ཟེར་གྱི་འདུག དེ་ཚོ་ཡང་འཛིན་རིམ་དགུ་པ་མན་གྱི་གསལ་ཆའི་ཐོག་བྲིས་པར་བརྟེན། ཀློག་མཁན་ས་ཡ་མང་པོའི་སྐད་ཆ་བཤད་ཀྱི་ཡོད་རེད། འདི་ཚོ་ཚང་མ་རྩོམ་རིག་གི་གསལ་ཆ་དང་སྐད་ཡིག་གི་ཕུང་པོའི་བཀའ་དྲིན་རེད། འདི་ཚོའི་སྐོར་ལ་ང་ཚོས་དཔྱད་རྩོམ་ཞིག་བྲིས་ཡོད། དེ་རྩོམ་པ་པོ་འདས་པོ་སྤྲོ་ཚིགས་ཆོས་གྲགས་ཀྱིས་རྩོམ་སྒྲིག་བྱས་པའི་༢༠༡༤ ལོའི་བོད་རིག་པ་ཞིབ་འཇུག་དེབ་ཕྲེང་གཉིས་པའི་ནང་དུ་ཡོད་རེད།  མཐའ་མ་ཕྱི་ལོ་༡༩༦༡ ལོར་གོང་དུ་བཤད་པའི་རིགས་ལམ་དང་ཞིབ་འཇུག་གི་གྲུབ་དོན་སྣ་ཚོགས་ལ་བརྟེན་ནས་ཨ་རིའི་ནང་དུ་(brown corpus) ཟེར་བའི་སྐད་ཡིག་གི་ཕུང་པོ་ཐོག་མ་དེ་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་དེའི་འགྲོ་སྟངས་གཞིར་བཟུང་ཐོག་དབྱིན་ཇི་བ་སྤྱི་དང་། ཡུ་རོབ་མཉམ་འབྲེལ་སོགས་སྐད་ཡིག་མང་པོའི་ནང་དུ་བེད་སྤྱོད་གཏོང་བཞིན་པ་དེ་འདྲ་རེད། ད་འདི་སྐད་ཡིག་གི་ཕུང་པོ་ཐོག་མར་དར་འཕེལ་བྱུང་བའི་སྐོར་དང་ཕན་ཐོགས་བྱུང་བའི་སྐོར་གཉིས་རེད།

དེ་ནས་ཟུར་གཅིག་དེ། སྐད་ཡིག་གི་ཕུང་པོས་ང་ཚོའི་སྤྱི་ཚོགས་ནང་ལ་ཕན་ཐོགས་ག་རེ་འབྱུང་གི་རེད་ཟེར་ན། གནད་འགག་གཙོ་བོ་ད་ལྟ་བར་དུ་ཕྲུ་གུ་དེ་ཚོས་བོད་ཡིག་ཤེས་ཀྱི་མི་འདུག་ལབ་ནས་ང་ཚོའི་གཞུང་མང་གཉིས་ཀས་སྐད་ཤོར་གྱི་ཡོད་རེད། དེ་ང་ཚོའི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཆེ་ཤོས་དེ་རེད་བསམ་གྱི་ཡོད། འདིའི་སྐོར་ལ་༢༠༡༣ ལོར་ང་ཚོས་བརྒྱ་ཆ་༩༨% ཞེས་པའི་སྐད་ཡིག་གི་ཚོགས་འདུ་ཆེན་པོ་ཞིག་བསྡུས་པ་རེད། བརྒྱ་ཆ་༩༨% ཞེས་པ་འདི་ལ་དོན་དག་ཆེན་པོ་ཡོད་རེད། འདི་སྐད་བརྡ་རིག་པ་བ་མང་པོ་ཞིག་གིས་རྩ་འཛིན་ལྟ་བུར་ངོས་འཛིན་གནང་གི་ཡོད་རེད་ཟེར། རྩོམ་ཡིག་དང་སྒྲུང་ག་རེ་ཡིན་ན་ཡང་། ཀློག་མཁན་གྱིས་དེའི་ནང་གི་ཐ་སྙད་ཀྱི་བརྒྱ་ཆ་༩༨% ངེས་པར་དུ་ཤེས་དགོས་རེད། དེ་ཤེས་ན་ཧ་གོ་མི་བའི་ཐ་སྙད་བརྒྱ་ཆ་༢%ནི་ཚིག་སྔ་ཕྱིའི་འགྲོ་སྟངས་དང་། ཚིག་གྲུབ་གཡས་གཡོན་ལ་བརྟེན་ནས་ཚོད་དཔག་རྒྱག་ཐུབ་ཀྱི་རེད།  དེ་མ་ཡིན་པར་ཀློག་མཁན་གྱིས་ཧ་མི་གོ་བའི་ཐ་སྙད་བརྒྱ་ཆ་༢% ལས་བརྒལ་བ་ཡོད་ན། ཡིག་ཆ་ག་རེ་ཡིན་ན་ཡང་དེའི་ནང་དོན་དཔྱིས་ཕྱིན་པ་ཞིག་ཤེས་ཀྱི་མ་རེད་ཟེར་བ་དེ་རེད། འདི་ལ་ང་ཚོས་ཚོད་ལྟ་བྱས་པ་ཡིན། ད་ག་རང་བདེན་པ་རེད་འདུག དཔེར་ན། ཡིག་འབྲུ་༡༠༠ ཅན་གྱི་སྒྲུང་ཐུང་ཞིག་ནང་དུ་(གཀ) ལྟ་བུའི་ཡི་གེ་རྫུན་མ་བཟོས་ནས་ཡི་གེ་གཞན་པའི་ཚབ་ཏུ་བཅུག དེ་འདྲ་བའི་ཡི་གེ་གཉིས་དང་གསུམ་ལས་མང་ན་སྒྲུང་ཐུང་དེར་གོ་བ་ལེན་ཐུབ་ཀྱི་མི་འདུག  དཔེར་མཚོན་ཕྲུ་གུའི་ཤེས་ཚད་ལས་བརྒལ་བའི་ཐ་སྙད་ཡིན་ན་ཕྲུ་གུ་ཁོ་རང་ལ་(གཀ)ཞེས་པའི་ཡི་གེ་རྫུན་མ་འདི་དང་གཅིག་པ་ཆགས་ཀྱི་ཡོད་རེད། ད་ང་ཚོས་རིགས་ལམ་འདིའི་ཐོག་ནས་བོད་ཕྱི་ནང་གི་བྱིས་སྒྲུང་དག་ལ་ཞིབ་འཇུག་ཅིག་བྱས་ན། ཕྲུ་གུས་ཧ་མི་གོ་བའི་ཐ་སྙད་བརྒྱ་ཆ་ ༢%  དང་༣%  ལས་བརྒལ་བ་ཕར་ཞོག  ཐ་ན་བརྒྱ་ཆ་༢༠% དང་༣༠% ལས་བརྒལ་བ་ཡང་འདུག འདིའི་སྐོར་ལ་ད་དུང་ལས་གཞི་གཞན་པ་ཞིག་བསྒྲིགས་ནས་ཞིབ་འཇུག་བྱ་རྩིས་ཡོད། ད་བྱིས་སྒྲུང་ཞིག་གི་ནང་དུ་ཕྲུ་གུའི་ཤེས་ཚད་ལས་བརྒལ་བའི་ཐ་སྙད་བརྒྱ་ཆ་༢༠% དང་༣༠% ཡོད་ན་ག་འདྲ་ཡིན་ས་རེད། བྱིས་སྒྲུང་དེ་དང་དེས་ཕྲུ་གུ་ཚོ་ལ་ཕན་གྱི་རེད་པས། སྡུག་པོ་གཏོང་གི་རེད། འདི་ང་ཚོའི་མིག་མཐོང་ལག་ཟིན་རེད། མི་མཐོ་དམན་བར་གསུམ་གྱིས་རྟག་པར་ཕྲུ་གུ་དེ་ཚོས་ཤེས་ཀྱི་མི་འདུག་ལབ་ནས་བཤད་ཡ་ཡོད་མ་རེད་བསམ་གྱི་འདུག  དེ་བརྒྱ་ཆ་༩༨% ཅེས་པ་དང་འགྲེལ་ནས་བཤད་པ་རེད། ད་སྐད་ཡིག་གི་ཕུང་པོ་ལབ་དུས་དེའི་ནང་ནས་རྒྱུག་ཆེ་ཆུང་གི་རིམ་པ་ཞིག་རང་བཞིན་གྱིས་ཡོང་གི་རེད།  དཔེར་ན། ཉིན་རེའི་འཚོ་བ་དང་འབྲེལ་བའི་སྐད་ཡིག་གི་ཕུང་པོ་ཞིག་རྒྱུ་ཆའི་ཡིག་ཆ་ཆིག་ཁྲི་བརྒལ་བ་ཞིག་གིས་བཟོས་ན་དེའི་ནང་གི་རྒྱུག་ཆེ་ཆུང་གི་ཐ་སྙད་འབུམ་ཁ་ཤས་ཤིག་རང་བཞིན་གྱིས་ཡོང་གི་རེད། དེའི་ནང་ནས་ཀྱང་རྒྱུག་ཆེ་ཤོས་ཀྱི་ཐ་སྙད་བརྒྱ་ཐམ་པ་བདམས་ནས་སྒྲུང་ཐུང་ཞིག་བྲིས་ན་ལས་དང་པོ་བ་ཚོས་ཧ་གོ་ཡ་ལ་སེམས་ཁྲལ་ཡོད་མ་རེད།  དེ་བཞིན། ཕྲུ་གུ་ལོ་ལྔ་ཅན་རྐྱང་རྐྱང་གིས་ཐ་སྙད་ག་ཚོད་ཅིག་ཤེས་མིན་ཐད། ལོ་ལྔ་ཅན་གྱི་ཕྲུ་གུ་ལྔ་བཅུ་དང་བརྒྱ་གང་རུང་ལ་ཉིན་གྲངས་མང་པོའི་རིང་ཞོགས་པ་ནས་དགོང་མོ་བར་དུ་སྒྲ་འཇུག་བྱས། སྒྲ་དེ་དག་རེ་རེ་བཞིན་ཡི་གེར་ཕབ། དེ་བྱས་ནས་རྒྱུག་ཆེ་ཆུང་གི་རིམ་པ་ཞིག་བཀར་ན། ལོ་ལྔ་ཅན་གྱི་ཕྲུ་གུས་ཐ་སྙད་འདི་འདྲ་ཞིག་ཤེས་ཀྱི་འདུག་ཅེས་པའི་སྤྱི་བསྡོམས་ཤིག་རྒྱག་ཐུབ་ཀྱི་རེད། དེ་ནས་ཁོ་ཚོས་ཤེས་པའི་ཐ་སྙད་ནང་ནས་ཀྱང་རྒྱུག་ཆེ་ཤོས་ཀྱི་ཐ་སྙད་བརྒྱ་ཐམ་པ་བདམས། ཕྲད་རྣམ་དབྱེ་དང་ལྷན་དུ་ཐ་སྙད་བརྒྱ་ཐམ་པ་དེའི་ནང་བསྐྱར་སྐོར་ཡང་སྐོར་བྱས་ནས་སྒྲུང་ག་ཚོད་ཐུབ་ཐུབ་ཅིག་བྲིས་ན། ཕྲུ་གུས་ཤེས་མི་ཤེས་ལ་སེམས་ཁྲལ་ཁྱོན་ནས་ཡོད་མ་རེད། སྐད་ཡིག་གི་ཕུང་པོ་བཟོ་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་ཐུག་ཡོད་རེད། རྒྱུ་ཆའི་གྲངས་ཀ་ལ་དཔོག་པའི་སྐད་ཡིག་གི་ཕུང་པོ་ཆེ་ཆུང་གང་འདྲ་ཞིག་བཟོས་ན་ཡང་དེའི་གྲུབ་དོན་དེ་རེའུ་མིག་ཏུ་ཕབ་ནས་དེབ་ཀྱི་ངོ་བོར་མི་བསྒྱུར་བར་བྱིས་སྒྲུང་གི་མཉེན་ཆས་གང་རུང་ཞིག་བཟོས། དེའི་རྒྱབ་ལྗོངས་སུ་རྒྱུག་ཆེ་ཤོས་ཀྱི་ཐ་སྙད་རྣམས་བཅུག་ནས་མཉེན་ཆས་ཀྱི་ངོས་སུ་བྱིས་སྒྲུང་འབྲི་དགོས་པ་རེད།  དེ་བྱས་ན་མཉེན་ཆས་དེའི་རྒྱབ་ལྗོངས་སུ་མེད་པའི་ཐ་སྙད་དག་མཉེན་ཆས་དེས་ངོས་ལེན་བྱེད་ཀྱི་མ་རེད། དེ་མ་བྱས་ན། ཕྲུ་གུའི་ཤེས་ཚད་ལས་བརྒལ་བའི་ཐ་སྙད་གང་བྱུང་མང་བྱུང་འབྲི་ས་ཡོད་མ་རེད།

དྲི་བ། ཁྱེད་ཚོའི་ད་ལྟའི་ལས་གཞི་འདིའི་འགྲོ་སོང་སྐོར་ཏོག་ཙམ་གསུང་རོགས།

ལན། ལས་གཞི་འདིའི་སྦྱིན་བདག་ནི་ཐའེ་ཝན་གྱི་ལམ་རིམ་ཆོས་ཚོགས་རེད། ཚོགས་པ་ཆེན་པོ་ཞིག་རེད། ཁོང་ཚོས་“གོང་ས་མཆོག་གིས། སོ་སོ་ནང་པ་ཡིན་པའི་རྒྱུ་མཚན་ལ་ངའི་ཕ་མེས་ཡང་མེས་ནང་པ་རེད་ཟེར་བ་ཙམ་མ་ཡིན་པར།  ཆོས་ལ་སློབ་གཉེར་བྱ་དགོས་ཀྱི་འདུག་”ཅེས་གསུངས་པའི་བཀའ་སློབ་དེ་ཡིད་ལ་བཅངས་ནས་ནང་ཆོས་སྦྱོང་གི་འདུག མ་ཟད་བོད་སྐད་ཡིག་རང་གི་ལམ་ནས་ནང་ཆོས་ལ་སློབ་གཉེར་བྱེད་ཀྱི་འདུག  ཁོང་ཚོས་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ག་ས་ག་ལ་འབྲེལ་བ་བྱས་པ་ཡིན་ཟེར། ཡིན་ན་ཡང་ཁོ་རང་ཚོར་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་མེད་དུས་ཀློག་དེབ་དང་སློབ་དེབ་ཀྱི་ཐད་ནས་ཕན་ཐོགས་པོ་དེ་ཙམ་བྱུང་མ་སོང་ཟེར་གྱི་འདུག  དེར་བརྟེན། ཁོང་ཚོས་ཞིབ་འཇུག་གི་ལས་གཞི་འདྲ་ཞིག་འགྲོ་རྒྱུ་ཡོད་ན། ང་ཚོས་དེའི་ཐོག་འགྲོ་སོང་གཏོང་གི་ཡིན་ཟེར་ནས། ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལ་འབྲེལ་བ་བྱས་ནས་ང་ཚོའི་ཟླ་བ་གསུམ་ལྷག་གི་ལས་གཞི་འདི་ལ་ཧིན་སྒོར་འབུམ་༡༡ ཡས་མས་ཀྱི་འགྲོ་སོང་གཏོང་གི་ཡོད་རེད། མ་ཟད་ཁོང་ཚོས་ཞིབ་འཇུག་གི་གྲུབ་དོན་གྱི་བདག་དབང་ཁོ་རང་ཚོས་མི་ཉར་བར་སུ་ལ་ཕན་ན་དེས་བེད་སྤྱོད་བྱེད་ཆོག་ཟེར་ནས་ལྷག་བསམ་རྣམ་དག་གི་སྐད་ཆ་བཤད་འདུག  ལས་ཀ་འདི་གཅིག་ནས་སྦྱིན་བདག་ཁོ་རང་ཚོར་ཐུགས་ཕན་སོས་ཆེད་དང་། གཉིས་ནས་ཉག་ཕྲ་བའི་ང་ཚོའི་སྐད་ཡིག་གི་ལས་དབང་འདི་ལ་ཞབས་འདེགས་ཕྲན་བུ་རེ་དང་། གསུམ་ནས་རང་རིགས་བོད་ཀྱི་སོན་རྩ་རྣམས་ལ་སྡུག་པོ་གཏོང་མི་དགོས་པའི་ཡངས་པའི་ལམ་ཆེན་ཞིག་མགྱོགས་ནས་མྱུར་དུ་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།