སྐད་ཡིག་དང་རྒྱལ་ཁབ་ཀྱི་འཆི་གསོན།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༡ གི་ཆེད་བརྗོད།)

བོད་ཀྱི་མཁས་པ་མང་པོས་བོད་ཀྱི་སྐད་ཡིག་རིག་གནས་རྩ་མེད་དུ་གྱུར་སོང་ན་བོད་རྒྱལ་ཁབ་སླར་གསོ་བྱེད་ཐབས་མེད་པ་དང། བོད་མི་རིགས་ཀྱང་དུས་དེ་ནས་བཟུང་རྩ་མེད་དུ་གྱུར་པའི་སྐོར་དགོངས་ཚུལ་དང་ལམ་སྟོན་ཕེབས་ཡོད། དོན་དངོས་སུའང་བོད་ཀྱི་སྐད་ཡིག་རྩ་མེད་དུ་གྱུར་སོང་ན་བོད་མི་རིགས་རྩ་མེད་དུ་གྱུར་པ་དང་གཅིག་པ་ཡིན་ཞིང། བོད་རྒྱལ་ཁབ་སླར་གསོའི་རེ་བའང་ཕལ་ཆེར་མེད་ལ། ཡོད་པའི་དབང་དུ་བཏང་ཡང་སྙིང་པོ་གང་ཡང་མེད་པ་ལྟ་བུར་འགྱུར་ངེས་རེད། ཕྱིའི་རྒྱལ་ཁབ་ཀྱི་མཁས་པ་དག་གིས་ཀྱང་མི་རིགས་སོ་སོའི་སྐད་ཡིག་རྒྱུད་འཛིན་མ་ཐུབ་ན་མི་རིགས་དེ་བརླག་རྒྱུའི་ཉེན་ཁ་ཡོད་ཚུལ་བཤད་པ་ཧ་ཅང་མང་པོ་ཡོད། ད་ལྟའི་ཆར་རང་མི་རིགས་ཀྱི་སྐད་ཡིག་ཁོ་ན་བེད་སྤྱོད་གཏོང་དགོས་པ་དང། སྐད་ཡིག་གཞན་གྱིས་བསྲེ་ལྷད་ཞུགས་མི་ཆོག་པའི་ལྟ་ཚུལ་འཛིན་མཁན་མང་པོ་ཡོད་ཅིང། བོད་སྐད་ནང་སྐད་ཡིག་གཞན་བསྲེས་ནས་བཤད་པར་“སྦྲགས་སྐད་”ཅེས་བོད་ཕྱི་ནང་གཉིས་སུ་དོ་དམ་དང་སྔོན་འགོག་བྱེད་མཁན་མང་པོ་ཡོད། རྒྱལ་ཁབ་དར་རྒྱས་ཀྱི་རྩེ་མོར་སོན་པ་དག་གི་ནང་དུའང་རང་གི་སྐད་ཡིག་ཁོ་ན་བེད་སྤྱོད་གཏོང་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་མཁན་མང་པོ་ཡོད་ཅིང། སྐད་ཡིག་དེ་རྒྱལ་ཁབ་དང་མི་རིགས་ཤིག་གི་བླ་སྲོག་ཡིན་པའི་ལྟ་ཚུལ་དེའང་ཁྱབ་ཆེན་པོ་ཡིན། འོན་ཀྱང་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་པའི་གནས་ཡུལ་རྒྱ་གར་ལ་མཚོན་ན་རྒྱ་གར་གྱི་ཧིན་དུའི་སྐད་ཡིག་དེ་རྒྱལ་ཁབ་ཀྱི་ཡོངས་ཁྱབ་གཞུང་འབྲེལ་སྐད་ཡིག་ཡིན་ནའང། དོན་དངོས་སུ་རྒྱ་གར་རྒྱལ་ཡོངས་ལ་གཅིག་གྱུར་གྱིས་གོ་བརྡ་སྤྲོད་ཐུབ་པའི་སྐད་ཡིག་ཅིག་ཏུ་གྱུར་མེད་པར། རྒྱ་གར་དུ་ཡོངས་ཁྱབ་ཀྱིས་བེད་སྤྱོད་ཐུབ་པ་དེ་དབྱིན་ཇིའི་སྐད་ཡིག་ཏུ་གྱུར་ཟིན། གཞན་ནུབ་བྷེང་གྷལ་དང། ཨོ་ཌི་ས། ཏཱ་མེལ་ན་ཌུ། ཀར་ན་ཊ་ཀ་སོགས་ལ་ཆ་ལག་ཡོངས་སུ་ཚང་བའི་སྐད་ཡིག་ཆེན་པོ་གྲངས་༢༢ གཞུང་འབྲེལ་གྱིས་ངོས་འཛིན་བྱེད་པ་དང། ད་དུང་ས་གནས་ཀྱི་སྐད་མི་འདྲ་བ་༡༦༠༠ ལྷག་ཡོད་འདུག རྒྱ་གར་ལ་མཚོན་ན་སྐད་ཡིག་གཅིག་ཉམས་ཆག་ཏུ་གྱུར་པ་ཙམ་གྱིས་རྒྱལ་ཁབ་ཀྱི་ངོ་བོ་བརླགས་འགྲོ་བ་ཞིག་མིན། 

རྒྱལ་ཁབ་གཅིག་པ་མིན་ཡང་སྐད་ཡིག་གཅིག་པ་ཡིན་པའང་མང་པོ་ཡོད་དེ། དཔེར་ན་དབྱིན་ཡུལ་དང། ཨ་རི། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་མི་འདྲ་བ་མང་པོའི་ནང་དུ་སྐད་ཡིག་གཅིག་བེད་སྤྱོད་གཏོང་བཞིན་ཡོད། ཧྥ་རན་སིའི་སྐད་ཡིག་དང། སི་པེན་གྱི་སྐད་ཡིག་ལྟ་བུའང་རྒྱལ་ཁབ་མི་འདྲ་བ་མང་པོའི་ནང་དུ་བེད་སྤྱོད་གཏོང་གི་ཡོད་པས། རྒྱལ་ཁབ་ཅིག་གནས་མི་གནས་སྐད་ཡིག་ཁོ་ནར་རག་ལས་པ་ཞིག་ཀྱང་མ་རེད། བོད་མི་མང་པོ་ཞིག་གིས་རྒྱ་གར་གྱི་ཧིན་དུའི་སྐད་རྒྱག་སྐབས་དབྱིན་ཇི་སོགས་བསྲེ་ལྷད་མང་དྲགས་ནས་སྐད་ཡིག་ཉམས་བཞིན་ཡོད་པའི་ལྟ་ཚུལ་ཡོད་མཁན་ཡོད་ཀྱང། དོན་དངོས་སུ་རྒྱ་གར་གྱི་དེང་དུས་མཁས་པ་མང་པོས་ཧིན་དུའི་སྐད་ཡིག་ནང་རྒྱ་གར་ནང་ཁུལ་གྱི་སྐད་ཡིག་གཞན་དང། དབྱིན་ཇི་སོགས་ཀྱི་མིང་ཚིག་མང་པོ་ཞིག་ཧིན་དུའི་སྐད་ཡིག་མཁྲེགས་འཛིན་བྱེད་མཁན་དག་གིས་མ་བཅུག་པའི་རྒྱུ་མཚན་ལ་བརྟེན་ནས། ད་ཆ་ཧིན་དུའི་སྐད་ཡིག་རྒྱ་གར་རྒྱལ་ཡོངས་སུ་ཡོངས་ཁྱབ་ཆགས་མ་ཐུབ་པར་ངོས་འཛིན་བྱེད་བཞིན་ཡོད། 

དབྱིན་ཇིའི་སྐད་ཡིག་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་སྐད་ཡིག་ཅིག་ཏུ་རང་བཞིན་གྱིས་འགྱུར་བཞིན་པ་དེ་སྐད་ཡིག་གཞན་གྱི་མིང་ཚིག་མང་པོ་ཞིག་གི་སྒྲ་གདངས་ཇི་བཞིན་དབྱིན་ཇིའི་ནང་བཅུག་ནས། ཡིག་གཟུགས་དབྱིན་ཇི་བེད་སྤྱོད་བཏང་བར་བརྟེན་ནུས་པ་གཞན་ལས་ཆེ་བ་བྱུང་ཚུལ་དང། དཔེར་ན་དབྱིན་ཇིའི་སྐད་ཡིག་ནང་ཧྥ་རན་སིའི་མིང་ཚིག་གིས་བརྒྱ་ཆ་ཚད་མཐོན་པོ་ཟིན་ཡོད་ཅིང། དབྱིན་ཇིའི་སྐད་ཡིག་ནང་མེད་པ་སྐད་ཡིག་ཆེ་ཁག་གཞན་དག་གི་མིང་ཚིག་ཀྱང་མང་པོ་བཅུག་ཡོད། དཔེར་ན་བོད་ཀྱི་མིང་གཡག་ལྟ་བུ་ལ་མཚོན་ནའང་ད་ཆ་དབྱིན་ཇིའི་མིང་ཚིག་ཏུ་ཡོངས་ཁྱབ་བེད་སྤྱོད་གཏོང་བཞིན་ཡོད་པ་བཞིན། དབྱིན་ཇིའི་སྐད་ཡིག་དེ་ཕུན་སུམ་ཚོགས་པོ་དང་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གྱུར་པར་ངོས་འཛིན་བྱེད་བཞིན་འདུག། རྒྱ་གར་ལ་མཚོན་ནའང་ཧིན་དུའི་ཚིག་མཛོད་ནང་མེད་པའི་སྐད་ཡིག་གཞན་གྱི་མིང་ཚིག་དག་ཡོངས་ཁྱབ་ཀྱིས་བེད་སྤྱོད་མང་པོ་མ་བྱས་པ་དེ་སྐད་ཡིག་རྒྱ་ཁྱབ་ཏུ་འགྱུར་རྒྱུའི་འགོག་རྐྱེན་དུ་གྱུར་པའི་ལྟ་ཚུལ་འཛིན་མཁན་མང་པོ་ཡོད། 

མདོར་ན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྐད་ཡིག་གནས་སྟངས་ག་འདྲ་ཡིན་མིན་ལ་མ་ལྟོས་པར། བོད་ཀྱི་སྐད་ཡིག་ལ་མཚོན་ན་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པ་མ་ཟད། ཕྱོགས་གཅིག་ནས་རྒྱ་དམར་གཞུང་གི་གདུག་རྩུབ་དང་བཙན་དབང་གཞི་རྩར་བཞག་ཅིང་འཆར་གཞི་ཡོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད་པ་དང། བོད་མི་བཙན་བྱོལ་དུ་གྱུར་པ་རྣམས་ལ་མཚོན་ན་སྐད་ཡིག་དང་རིག་གནས་མི་གཅིག་པའི་རྒྱལ་ཁབ་དུ་མར་ཁ་འཐོར་དུ་གནས་ཡོད་པས། བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་རྒྱུ་ནི་མགྱོགས་ཚད་མྱུར་ཤོས་སུ་གྱུར་ཡོད། བོད་རྒྱལ་ཁབ་གསོན་པོར་གནས་བཞིན་པའི་སྐབས་སུ་སྐད་ཡིག་གཅིག་ཁོ་ན་བེད་སྤྱོད་བཏང་ཡོད་པ་དང། བོད་ཀྱི་ནང་བསྟན་གཙོ་བོར་གྱུར་པའི་ཆོས་དང་རིག་གནས་ཀྱང་ཚད་དང་ལྡན་པ་ཞིག་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་མ་གཏོགས་མེད་པས། སྐད་ཡིག་གཞན་གྱི་བསྲེ་ལྷད་མེད་པར་རྒྱུན་འཛིན་དང་མྱུར་སྐྱོབ་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།།