སྐབས་༡༧ གྲོས་ཚོགས་ཚོགས་གཙོར་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་ལ་སྒྲོལ་མ་ཚེ་རིང་འདེམས་ཐོན་བྱུང་། 

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་རྗེས། སྤྱི་འཐུས་ཚོས་རེ་རེ་བཞིན་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱས་ཡོད་པ་རེད།
ཕྱི་དྲོ་སྤྱི་འཐུས་རྒྱུན་ལས་ཁང་དུ་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་བྱས་པ་དང་། ཚོགས་གཙོར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་གཉིས་ལངས་ནས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་༢༣ དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལ་འོས་གྲངས་༢༢ ཐོབ་ནས། ཚོགས་གཙོར་མཁན་པོ་བསོད་ནམས་བསྟན་འཕེལ་འདེམས་ཐོན་བྱུང་ཡོད་པ་རེད།
ཚོགས་གཞོན་ལ་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་བཅས་ལངས་ནས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལ་འོས་གྲངས་༢༣ དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལ་འོས་གྲངས་༡༨།  སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལ་འོས་གྲངས་༢། འོས་ཤོག་༢ རྩིས་མེད་སོང་བས། སྒྲོལ་མ་ཚེ་རིང་ཚོགས་གཞོན་དུ་འདེམས་ཐོན་བྱུང་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་སྐབས་༡༧ པ་མི་མང་གིས་འོས་འདེམས་རྗེས་འདི་ལོའི་ཕྱི་ཟླ་༦ པའི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོ་གངས་སྐྱིད་སྤྱི་འཐུས་ལས་ཁུངས་སུ་འཚོགས་པ་དང་། ཕྱོགས་ཁག་གཉིས་ཆགས་རྐྱེན་ནི་འཐུས་མི་༢༡ གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་པ་དང་། བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་མི་བྱེད་མཁན་སྤྱི་འཐུས་༢༢ ཀྱིས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་ནས་དམ་འབུལ་བྱས་ནས། ཤོག་ཁག་གཉིས་ཆགས་པ་དང་། གྲོས་ཚོགས་འཚོག་རྒྱུ་དང་ཚོགས་གཙོ་གཞོན་འདེམས་མ་ཐུབ་པར་ད་ལྟ་བར་ལྷག་ཡོད་པ་རེད།
ཕྱི་ལོ་༢༠༢༡ ཟླ་༩ ཚེས་༢༩ ཉིན་སྤྱི་འཐུས་ཚོ་ནང་མོལ་ཚོགས་འདུ་ཞིག་འཚོགས་པའི་གྲོས་དོན་༧གོང་ས་མཆོག་ལ་ལམ་སྟོན་ཞུས་པ་ལྟར། ཕྱི་ཟླ་༡༠ ཚེས་༦ ཉིན་༧གོང་ས་མཆོག་གོས་ལམ་སྟོན་བཀའ་ཡིག་གནང་བ་ལྟར། སྤྱི་འཐུས་ཚང་མས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་བྱས་ཏེ། ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།