སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༥ པ་འགོ་བཙུགས་སོང་།

ཟླ་༣ པའི་ཚེས་༡༥ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥ པ་འགོ་བཙུགས་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་གཙོའི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་ནང་དུ། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པས། དེ་ལ་བསམ་བློ་བཏང་ནས་ལས་དོན་སྤེལ་གནང་དགོས་པ། བོད་ནང་དུ་གནས་སྟངས་ཛ་དྲག་མུ་མཐུད་ནས་གནས་ཡོད་པའི་ཐོག ཛ་དྲག་ཆེ་རུ་འགྲོ་ཉེན་ཡོད་པ། ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་འཛིན་ལས་ཁུར་ཐེངས་གསུམ་པ་འགོ་བཙུགས་ཟིན་ཡོད་པས། ཁོང་དང་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་བརྟན་པོའི་ཐོག་ནས་བོད་རྒྱ་གྲོས་མོལ་བྱས་ཏེ་བོད་རྒྱའི་གནད་དོན་སེལ་ཆེད་དུ་གོ་སྐབས་དམ་འཛིན་བྱེད་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་ཞུ་རྒྱུ། དེ་བཞིན་ཉེ་ཆར་རྒྱལ་སྤྱིའི་གྲོས་ཚོགས་ཁག་ནང་བོད་དོན་ཁྲིམས་འཆར་བཏོན་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་སོགས་གྲུབ་འབྲས་ཁག་ཅིག་ཐོན་ཡོད་པས། ལས་དོན་མུ་མཐུད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་སྐོར་གསུངས་སོང་།

ཐེངས་འདིའི་གྲོས་ཚོགས་སྐབས་སུ་གཙོ་བོ་རྩིས་ལོ་༢༠༢༣་་་་༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་དང་འབྲེལ་བའི་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་དོན་འགྲོ་རྒྱུ་ཡིན་པ་དང་། དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་བགྲོ་གླེང་། གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་བགྲོ་གླེང་། ཁྲིམས་སྒྲིག་བསྐྱར་བཅོས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཟུར་ལྕམ་ནན་སི་པཱེ་ལོ་སིར་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་འདོན་སྤེལ་སོགས་ཀྱི་ལས་རིམ་འགྲོ་རྒྱུ་ཡིན་པ་རེད་འདུག 

ཐེངས་འདིའི་གྲོས་ཚོགས་སྐབས་སུ། ཕྱི་ལོ་༢༠༢༢ ལོའི་ཟླ་༡༠ པའི་༡༤ ཉིན་དགུང་གྲངས་༨༥ ཐོག་སྐུ་གྲོངས་མཁན་བོད་མི་མང་སྤྱི་ཟུར་བདུད་འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་ལ། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་བཏོན་འདུག དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ་གྲོས་ཆོད་དྲུག་བཞག་འདུག་པའི་ནང་དུ།

༡) བོད་ས་ཤོར་ནས་ད་བར་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།

༢༽ རྒྱ་གཞུང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བའི་ཐོག་བོད་ནང་དྲག་གནོན་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས།

༣༽ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་(དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས། ཁོང་རྣམ་པའི་ཚེ་སྲོག་ལ་འགན་ཁུར་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས།

༤༽ བོད་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ནའང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ མགོན་པོ་གང་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཀྱང༌། ྋགོང་ས་མཆོག་ཞལ་བཞུགས་སྐབས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་ཐག་གཅོད་མ་བྱས་པར་མ་ འོངས་པར་ཛ་དྲག་གནས་ཚུལ་ག་རེ་བྱུང་ཡང་དེའི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད།

༥༽ རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ནང་གི་སྲིད་གཞུང་ཁག་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་ལ་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།

༦༽ རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་གནོན་ཧམ་བཟུང་བྱས་པ་ནས་བཟུང་བོད་དུ་ཛ་དྲག་གི་གནས་སྟངས་མཚམས་ཆད་མྱོང་མེད་པ་དང་། དུས་ད་ལྟའང་རྒྱ་ནག་གཞུང་གི་ངན་བྱུས་དང་བཙན་གནོན་འོག་གཞིས་ ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་མནར་གཅོད་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། ད་བར་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་དྲིལ་བསྒྲགས་དང་སྲིད་གཞུང་ཁག་ལ་ཞུ་གཏུག་ལས་འགུལ་སོགས་ཀྱི་ཐོག་ནུས་པ་མཉམ་སྤུངས་དང་གོ་སྐབས་དམ་འཛིན་དགོས་པའི་ནན་སྐུལ་ཞུ་རྒྱུ་དང་འབྲེལ། བོད་དོན་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཐོག་བོད་མི་རྣམས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ་ཞེས་འཁོད་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༣་་་༢༤ ལོའི་རྒྱུན་གྲོན་དང་། དམིགས་བསལ། དམིགས་བཀར་ལས་འཆར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་༣༠༣༤་༠༡ འཆར་འབུལ་གནང་འདུག་པ་དང་། དགོས་དངུལ་འདི་ནི་རྩིས་ལོ་༢༠༢༢་་་༢༣ ལོའི་ཐོག་མའི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་སྒོར་ས་ཡ་༢༥༤༢་༢༡ ལས་སྒོར་ས་ཡ་༤༩༡་༨༠ དང་བརྒྱ་ཆ་༡༩་༣༥ མང་བ་ཡིན་འདུག དེ་བཞིན་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁུངས་ཁག་༧ དང་ལྷོ་སྤྱི་ལས་ཁུངས་ཀྱི་འགྲོ་གྲོན་འཆར་འབུལ་བསྡོམས་སྒོར་ས་ཡ་༤༦་༢༥ དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་༣ གྱི་འགྲོ་གྲོན་འཆར་འབུལ་བསྡོམས་སྒོར་ས་ཡ་༡༡་༥༡ བཅས་གནང་འདུག་པ་རྣམས་གོང་གསལ་འགྲོ་གྲོན་འཆར་འབུལ་ནང་ཚུད་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།  

Share this:

Leave a Reply