སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་བླག་ངང་གྲོལ་སོང་།

ཕྱི་ལོ་༢༠༢༤ ཟླ་༣ ་ཚེས་༢༩ རེས་གཟའ་པ་སངས་ཀྱི་སྔ་དྲོར་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་བླག་ངང་གྲོལ་སོང་། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ཟླ་འདིའི་ཚེས་༡༨ ནས་ཚེས་༢༩ སྔ་དྲོ་བར་འཚོགས་ཡོད་པ་དང་། དུས་ཡུན་དེའི་རིང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་དང་སྤྱི་ཡོངས་ཀྱི་བགྲོ་གླེང་རྣམས་ལྷུག་པོར་གནང་ཐོག ཁྲིམས་བཟོའི་ལས་དོན་ཐད་སྒྲིག་གཞི་ཁག་བདུན་ཙམ་བསྐྱར་བཅོས་ཐུབ་པ་དང་། དེའི་ནང་ནས་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་༥༦ དང་། བཟོ་བཅོས་ཁྲིམས་འཆར་༩། གསར་འཇུག ༤ ། ཕྱིར་བསྡུ་༡ ། དཔྱ་དངུལ་ཆག་ཡང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་༡༢་པ་བསྐོ་བཞག བཀའ་ཤག་གི་འདས་པའི་ལོ་ངོ་ཉི་ཤུའི་དཔལ་འབྱོར་འཕར་བབ་ཀྱི་སྙན་ཐོ། གཞན་ཡང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་བཅས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་དེ་རིང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་ཡིག་ཆ་ཨང་ ༤༢ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༣་་་༢༠༢༤ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༣༧,༧༡༩,༥༤༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༡༤༣,༢༢༢,༧༡༩ དང་། དོན་ཚན་གཉིས་པ། འགྲོ་སོང་། “རྩིས་ལོ་ ༢༠༢༣་་༢༠༢༤ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༤༥༡,༣༩༣,༩༩༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་གནང་བ་བསྡོམས་སྒོར་ ༡༤༠,༨༠༤,༠༧༧ བཅས་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།དཔལ་ལྡན་ཚོགས་གཞོན་གྱིས་མུ་མཐུད་ཡིག་ཆ་ཨང་ ༤༣ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༢,༩༦༣,༡༤༤,༧༡༠ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༦༧,༣༠༦,༣༦༧” དང་། དོན་ཚན་གཉིས་པ། འགྲོ་སོང་། “བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༣༡,༠༢༢,༢༣༤ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༥༧,༩༨༥,༧༨༡ བཅས་སྙན་སྒྲོན་གནང་བར། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་གནང་གྲུབ་མཚམས། ལས་རིམ་ལྟར། ཚོགས་དྲུང་བསོད་ནམས་རྡོ་རྗེ་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་སྤྱི་འཐུས་རྣམ་པའི་ཆབ་སྲིད་ཀྱི་ཐོག་དགོངས་ཚུལ་སྤུང་སའི་སྡིངས་ཆ་ཡག་ཤོས་འདིར་ཡིན་ཡང་། ང་ཚོས་མང་ཤོས་འཛིན་སྐྱོང་དང་སྤྱི་ཚོགས་དང་འབྲེལ་བའི་ལས་དོན་ཆགས་འགྲོ་གི་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་སྡིངས་ཆ་གལ་ཆེ་ཤོས་ཤིག་ཆགས་ཡོད་པས། མ་འོངས་པར་དེ་ཚོའི་ཐོག་གནས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེ་བ་སོགས། ཐེངས་འདིར་སྤྱི་འཐུས་རྣམ་པས་སྒྲིག་གཞིའི་ནང་བརྗོད་པ་ཁག་ཕེབས་ཕྱོགས་སོགས་ཀྱི་ཐད་ཡར་རྒྱས་རྣམ་པ་ཡག་པོ་བྱུང་ཡོད་ཚུལ་དང་།མ་འོངས་པར་ཡང་དེ་འདྲའི་ཐོག་ཕེབས་རྒྱུ་གལ་ཆེ་བ། གཏན་འབེབས་བྱུང་བ་ཁག་གི་ནང་ནས་བར་སྐབས་ཤིག་སྒྲིག་འཛུགས་ལ་དཀའ་ངལ་འཕྲད་བསྡད་པ་ཕལ་ཆེ་བ་སེལ་ཐུབ་པ་དེ་གྲོས་ཚོགས་ཀྱི་བྱས་རྗེས་ཡིན་པ་སོགས་དང་།རྒྱ་ནག་གི་སྲིད་བྱུས་དང་བོད་ནང་གི་ད་ལྟའི་གནས་བབ་དང་འབྲེལ། གྲོས་ཚོགས་ཀྱི་ཐོག་ནས་ཚགས་ཚུད་དུ་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གདོང་ལེན་བྱེད་ཕྱོགས་སོགས་གསུང་བཤད་གནང་གྲུབ་མཚམས་གྲོལ་བརྡ་བཏང་བ་དང་ལྷན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་བདེ་བླག་ངང་གྲོལ་ཡོད་པ་རེད།
གསར་འགོད་པ།བསྟན་འཛིན་ལམ་བཟང་།